རླངས་འཁོར་ནང་གི་འགྲུལ་པ་ལ་འཕྲོག་བཅོམ་ཐེབས་སྐབས་ཁ་ལོ་བས་ཁ་ཡ་མ་བྱས་ན་འགན་འཁྲི་ཡོད་དམ།

གྱོད་དཔེ།

2009ལོའི་ཟླ9པའི་ཉིན་ཞིག་ལ། དར་རྒྱས་ཀྱིས་སྒོར་མོ་མང་པོ་ཞིག་བཟུང་ནས་གྲོང་ཁྱེར་ལ་བྱ་བ་བསྒྲུབ་ཏུ་འགྲོ་བའི་ལམ་བར་དུ། སྐྱེས་པ་ཁྲམ་པ་གཉིས་ཀྱིས་སྐྱེལ་འདྲེན་རླངས་འཁོར་བཀག་བྱུང་། དེ་གཉིས་རླངས་འཁོར་གྱི་ནང་དུ་བུད་རྗེས་འགྲུལ་པ་རེ་རེ་ལ་མིག་བརྡ་ཞིག་བསྟན་རྗེས་མདུན་གྱི་རྐུབ་སྟེགས་སྟེང་དུ་བསྡད་བྱུང་། རླངས་འཁོར་ལམ་མདོ་ག་གེ་མོ་ཞིག་ལ་ཐོན་རྗེས་ཁྲམ་པ་གཅིག་གིས་དར་རྒྱས་ཀྱི་བྲང་ཁར་མཚོན་གྲི་བཙུགས་ཤིང་གཞན་པ་དེས་ཁོའི་སྐེ་ནས་བཟུང་ཏེ་འཕྲོག་བཅོམ་བྱེད་འགོ་བརྩམས།

སྐབས་དེར་དར་རྒྱས་ཀྱིས་འུར་ཆེན་པོ་བརྒྱབ་ཀྱང་རླངས་འཁོར་ནང་གི་འགྲུལ་པ་གཞན་པ་རྣམས་ཀྱིས་རོགས་ཙམ་ཡང་བྱ་མ་ཕོད། དེ་ནས་ཁ་ལོ་པ་རྡོ་རྗེ་རྒྱལ་གྱིས་དེ་ནི་ཁྱོད་ཀྱིས་བསླངས་པའི་ཆག་སྒོ་ཡིན་པས་ང་ལ་གནོད་པ་བསྐྱལ་ངེས་ཞེས་བཤད་པར་མ་ཟད། རང་ཉིད་ཀྱི་བདེ་འཇགས་སྲུང་ཆེད་རླངས་འཁོར་སྐོར་མཚམས་བཞག་ནས་བྲོས་བྱོལ་བྱས། དེའི་སྟབས་ཀྱིས་འཕྲོད་བཅོམ་མཁན་གཉིས་ཀྱི་སྤོབས་པ་ཇེ་ཆེར་རྒྱས་ནས་ཁོའི་བྲང་ཁར་གྲིས་གཙགས་པར་མ་ཟད། སྒོར་མོ་ཡོད་ཚད་འཕྲོག་ནས་བྲོས་སོང་བ་རེད།

ཕྲན་དཔྱད།

དར་རྒྱས་ཀྱིས་འཛིན་བྱང་ཉོས་ནས་རླངས་འཁོར་དུ་བསྡད་པ་དང་མཉམ་དུ་འགྲུལ་སྐྱེལ་པ་རྡོ་རྗེ་རྒྱལ་གྱི་བར་དུ་སྐྱེལ་འདྲེན་གྱི་གན་རྒྱ་གྲུབ་ཡོད་པས། སྐྱེལ་འདྲེན་བྱེད་མཁན་གྱིས་འབྲེལ་ཡོད་ཁ་ཆད་ཀྱི་དུས་ཚོད་དང་ལམ་ཐིག་ལྟར་བདེ་འཇགས་ངང་འགྲུལ་པ་དམིགས་སར་བསྐྱལ་དགོས་པའི་འོས་འགན་འཁུར་དགོས་པར་མ་ཟད། དེ་ཉིད་ཀྱི་མི་ལུས་དང་རྒྱུ་ནོར་གྱི་བདེ་འཇགས་ལ་ཁག་ཐེག་བྱེད་པའི་འགན་ཡང་འཁུར་དགོས་ལ། དེ་ལས་གཞན། སྐྱེལ་འདྲེན་བྱེད་སྐབས་འགྲུལ་པར་གློ་བུར་དུ་ན་བ་དང་། ཕྲུ་གུ་སྐྱེ་བ། ཉེན་ཁར་འཕྲད་ཚེ་སྐྱེལ་འདྲེན་མཁན་གྱིས་དེར་རོགས་སྐྱོར་བྱ་རྒྱུ་ནི་ཁྲིམས་ཀྱི་འོས་འགན་ཡིན། ཡིན་ན་ཡང་འགྲུལ་བའི་གནོད་འཚེ་ཡི་མཇུག་འབྲས་ནི་རང་གི་ལུས་ཕུང་བདེ་ཐང་གི་རྒྱུ་རྐྱེན་ལས་བྱུང་བའམ་ཡང་ན་འགྲུལ་བ་རང་ཉིད་ཀྱིས་བསམ་བཞིན་དུ་བཟོས་པ། འགྲུལ་པ་རང་ཉིད་ཀྱི་ལས་འཛོལ་ཚབས་ཆེན་གྱི་དབང་གིས་ཤི་རྨས་བྱུང་བ་ཡིན་ན་སྐྱེལ་འདྲེན་ཕྱོགས་ཀྱིས་སྐྱིན་ཚབ་སྤྲོད་པའི་འགན་འཁུར་མི་དགོས།

དེར་བརྟེན། གྱོད་དཔེ་འདིར་འགྲུལ་པ་དར་རྒྱས་ཀྱིས་འགྲུལ་སྐྱེལ་འདྲེན་བྱེད་མཁན་ཏེ་ཁ་ལོ་པ་རྡོ་རྗེ་རྒྱལ་གྱིས་ཞབས་ཞུ་དང་ལེན་བྱེད་པའི་གོ་རིམ་ཁྲོད། རང་ཉིད་ཀྱི་མི་ལུས་དང་རྒྱུ་ནོར་གྱི་ཁྲིམས་མཐུན་ཁེ་དབང་ལ་བཙན་གནོད་ཐེབས་པ་ཡིན་པས། རླངས་འཁོར་གྱི་ཁ་ལོ་པས་ཁྲིམས་ལྟར་སྐྱིན་ཚབ་གཞལ་བའི་འགན་ཁུར་དགོས་པ་ཡིན།

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།