ཀྲུང་གོ་བོད་ཀྱི་དྲ་བ།

ས་ཞིང་གང་འདོད་དུ་འཛུགས་སྐྲུན་བྱེད་སར་བསྒྱུར་ན་ཆོག་གམ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།     སྤེལ་དུས། : 2021-05-17
ཡིག་གཟུགས། :ཆུང་། འབྲིང་། ཆེ།

གྱོད་དཔེ།

2004ལོའི་ཟླ1པར། སྡེ་བ་ག་གེ་མོའི་སྡེ་དམངས་ཨུ་ཡོན་ལྷན་ཁང་གིས་སྡེ་དམངས་ཚོགས་འདུ་བསྡུས་ནས། རུ་ཁག་དང་པོའི་རྨོ་ཞིང་མུའུ5སྒེར་གཉེར་ཁེ་ལས་ཤིག་ལ་རྨ་རྐང་འཇོག་པའི་ཚུལ་གྱིས་བཙོངས་ལ། ལོ་རེའི་ཡོང་སྒོ་མི་རྐང་གི་ཚད་ལྟར་སྡེ་དམངས་ཨུ་ཡོན་ལྷན་ཚོགས་ཀྱིས་བགོ་བཤའ་རྒྱག་རྒྱུར་ཡིད་འཐད་བྱུང་ནས་གན་རྒྱ་བཞག ལོ་དེའི་ཟླ11པར། རྫོང་ས་ཞིང་དོ་དམ་ཅུས་ཡིས་ས་ཞིང་བཀོལ་སྤྱོད་ལེགས་སྒྲིག་བྱེད་པའི་གོ་རིམ་ཁྲོད་གནས་ཚུལ་དེ་ཤེས་ལ། དུས་ཐོག་ཏུ་སྡེ་དམངས་ཨུ་ཡོན་ལྷན་ཁང་དང་སྒེར་གཉེར་ཁེ་ལས་གཉིས་བར་གྱི་གན་རྒྱ་དེ་ནུས་མེད་ཡིན་པ་ཁྱབ་བསྒྲགས་བྱས། ས་ཞིང་གི་བཀོལ་སྤྱོད་ཁེ་དབང་ཕྱིར་ལེན་བྱས་པ་མ་ཟད། སྡེ་དམངས་ཨུ་ཡོན་ལྷན་ཚོགས་ལ་བགོས་པའི་ཁེ་སྤོགས་སྒོར80000ཀྱང་གཞུང་བཞེས་བྱས།

ཕྲན་དཔྱད།

«ས་ཞིང་དོ་དམ་བཅའ་ཁྲིམས»ཀྱི་དོན་ཚན4པའི་ནང་རྒྱལ་ཁབ་ཀྱི་ས་ཞིང་སྤྱོད་སྒོའི་དོ་དམ་ལམ་ལུགས་ལག་བསྟར་བྱ་དགོས་པ་དང་། རྒྱལ་ཁབ་ཀྱི་འཆར་གཞི་ལྟར་བཟོས་པའི་ས་ཞིང་སྤྱོད་སྒོའི་འཆར་འགོད་ནང་ས་ཞིང་གི་སྤྱོད་སྒོ་གཏན་ཁེལ་བྱས་ཡོད། ས་ཞིང་ལ་དབྱེ་ན་ཞིང་བས་བཀོལ་སྤྱོད་བྱེད་པའི་ས་ཞིང་དང་འཛུགས་སྐྲུན་ལ་བཀོལ་བའི་ས་ཞིང་། བཀོལ་སྤྱོད་མ་བྱས་པའི་ས་ཞིང་བཅས་འདུས་ཤིང་། རྒྱལ་ཁབ་ཀྱིས་ཞིང་པས་བཀོལ་བའི་ས་ཞིང་དེ་འཛུགས་སྐྲུན་ས་ཞིང་དུ་བསྒྱུར་བར་ནམ་ཡང་ཚད་བཀག་བཟོ་བཞིན་ཡོད། འཛུགས་སྐྲུན་ས་ཞིང་གི་ཚད་ལ་ཚོད་འཛིན་བྱེད་པ་དང་རྨོ་ཞིང་ལ་ཐུན་མོང་མ་ཡིན་པའི་སྲུང་སྐྱོབ་བྱ་དགོས་ཞེས་པའི་གཏན་ཁེལ་ཡང་བྱས་ཡོད།

 འདི་བཤད་པའི་ཞིང་པས་སྤྱོད་པའི་ས་ཞིང་ཞེས་པ་ནི་ཐད་ཀར་དུ་ཞིང་ལས་ཐོན་སྐྱེད་ལ་བཀོལ་བའི་ས་ཞིང་ཡིན་ལ། དེ་ལ་རྨོ་ཞིང་དང་ནགས་ཁུལ། རྩྭ་ཐང་། ཞིང་ནང་དུ་ཆུ་འདྲེན་པར་བཀོལ་བའི་ས། ཆུ་ནང་གི་གསོ་སྤེལ་སོགས་འདུས། འཛུགས་སྐྲུན་ལ་བཀོལ་བའི་ས་ཞིང་ནི་མཁར་གྲོང་གི་སྡོད་ཁང་དང་སྤྱི་སྡོད་སྒྲིག་ཆས་ལ་བཀོལ་བའི་ས། བཟོ་གྲྭ་དང་གཏེར་ཁུངས་ལ་བཀོལ་བའི་ས། ལྗོངས་རྒྱུ་ལ་བཀོལ་བའི་ས། དམག་དོན་སྒྲིག་ཆས་ལ་བཀོལ་བའི་ས་སོགས་འདུས། ས་ཞིང་གི་རང་བདག་ཁེ་དབང་མི་འདྲ་བའི་དབང་གིས་ས་ཞིང་ལ་བཀོལ་སྤྱོད་མ་བྱས་པའི་ས་ཞིང་དང་རྒྱལ་ཁབ་འཛུགས་སྐྲུན་ལ་དབང་བའི་ས་ཞིང་གཉིས་སུ་དབྱེ་ཡོད། བཀོལ་སྤྱོད་མ་བྱས་པའི་ས་ཞིང་ཞེས་པ་ནི་ཞིང་བས་བཀོལ་བའི་ས་ཞིང་དང་། འཛུགས་སྐྲུན་ལ་བཀོལ་བའི་ས་ཞིང་གཉིས་ཕུད་པ་ལས་གཞན་པའི་ས་ཞིང་ལ་གོ་དགོས་ཤིང་། བཀོལ་སྤྱོད་བྱེད་པའི་ལས་ཁུངས་དང་མི་སྒེར་གྱིས་ངེས་པར་ནན་ཏན་སྒོས་ས་ཞིང་བཀོལ་སྤྱོད་ཀྱི་སྤྱིའི་འཆར་འགོད་ཀྱི་གཏན་ཁེལ་ལྟར་ས་ཞིང་བཀོལ་སྤྱོད་བྱ་དགོས།

ལས་ཁུངས་དང་མི་སྒེར་གང་ཡིན་རུང་། ས་ཞིང་དོ་དམ་བཅའ་ཁྲིམས་དང་སྒྲིག་སྲོལ་བརྩི་སྲུང་བྱེད་པའི་འོས་འགན་ཡོད། འཛུགས་སྐྲུན་ལ་དམིགས་ནས་ས་ཞིང་བེད་སྤྱོད་བྱེད་སྐབས། ངེས་པར་ཁྲིམས་ལྟར་རྒྱལ་ཁབ་ཀྱི་ས་ཞིང་བཀོལ་སྤྱོད་བྱེད་པར་རེ་ཞུ་བྱ་དགོས། ཡིན་ན་ཡང་། གསར་སྤེལ་བྱས་པའི་གྲོང་རྡལ་ཁེ་ལས་དང་སྡེ་དམངས་ཀྱིས་གཞི་ཁྱིམ་བསྐྲུན་པའི་ས་ཞིང་ཁྲིམས་ལྟར་དཔལ་འབྱོར་ཐུན་མོང་རྩ་འཛུགས་ཀྱི་ས་ཞིང་བེད་སྤྱོད་བྱ་ཆོག་པའི་ཆོག་མཆན་ཐོབ་པའམ། ཡང་ན་ཤང་དང་སྡེ་བའི་སྤྱི་སྤྱོད་སྒྲིག་ཆས་དང་སྤྱི་ཕན་ལས་དོན་འཛུགས་སྐྲུན་ལ་ཁྲིམས་ལྟར་ཆོག་མཆན་ཐོབ་པའི་ཞིང་པའི་ཐུན་མོང་ས་ཞིང་བཀོལ་སྤྱོད་རེ་ཞུ་ལ་རྒྱལ་ཁབ་ཀྱིས་གཞུང་བསྡུ་བྱས་པ་གཉིས་འདུས། གྱོད་གཞི་འདི་གོང་གི་གནས་ཚུལ་འདིའི་རིགས་ལ་མི་གཏོགས་པ་དང་། སྡེ་དམངས་ཨུ་ཡོན་ལྷན་ཁང་ལ་རྨོ་ཞིང་བརྒྱུད་སྤྲོད་བྱས་ནས་མི་གཞན་ལ་བཀོལ་སྤྱོད་བྱེད་དུ་འཇུག་པའི་དབང་ཆ་མེད་ལ། ས་ཞིང་འཛུགས་སྐྲུན་ལ་བཀོལ་བར་བདག་བཟུང་བྱེད་པའི་དབང་ཆ་དེ་བས་ཀྱང་མེད། གྱོད་དོན་འདི་ནི་ཞིང་པའི་ས་ཞིང་འཛུགས་སྐྲུན་ལ་བཀོལ་བར་བསྒྱུར་བ་ལ་ངེས་པར་ས་ཞིང་གི་སྤྱོད་སྒོ་བཅོས་སྒྱུར་བྱེད་པའི་འགྲོ་ལུགས་བསྒྲུབ་དགོས། སྡེ་དམངས་ཨུ་ཡོན་ལྷན་ཁང་གིས་རྨོ་ཞིང་སྒེར་གཉེར་ཁེ་ལས་ལ་བཙོངས་ནས་བཟོ་གྲྭ་འཛུགས་སྐྲུན་བྱེད་པ་ནི་ས་ཞིང་དོ་དམ་བཅའ་ཁྲིམས་དང་འགལ་ཡོད་པས། དེ་ལ་ཞིབ་བཤེར་བྱས་ཏེ་ཐག་གཅོད་བྱ་འོས་པར་མ་ཟད། ཁྲིམས་འགལ་གྱིས་ཐོབ་པའི་རྒྱུ་དངོས་རྣམས་གཞུང་བཞེས་བྱ་ཆོག

རྩོམ་སྒྲིག་པ། : ཀླུ་མོ་མཚོ།