ཀྲུང་གོ་བོད་ཀྱི་དྲ་བ།

བསླུ་བྲིད་ཐེབས་པའི་བུད་མེད་རང་གི་ཆུང་མར་ཉོས་ཆོག་གམ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།     སྤེལ་དུས། : 2021-05-17
ཡིག་གཟུགས། :ཆུང་། འབྲིང་། ཆེ།

གྱོད་དཔེ།

ཚོང་རའི་དཔལ་འབྱོར་གྱི་འཕེལ་རྒྱས་དང་ཆ་འཕྲིན་དུས་རབས་ཀྱི་འགྲོས་དང་བསྟུན་ནས་སྡེ་བའི་ཕོ་མོ་རྒན་གཞོན་རྣམས་གྲོང་ཁྱེར་དང་རྒྱ་ནང་ལ་ཞོར་ལས་སུ་འགྲོ་བ་དང་། དེང་སྐབས་ས་གནས་སྲིད་གཞུང་དང་སྡེ་བ་གང་ཡིན་ཡང་ཕྱི་རོལ་ནས་ངལ་རྩོལ་ཡོང་འབབ་འཚོལ་བ་སྐུལ་འདེད་དང་ཤུགས་སྣོན་བྱེད་ཀྱིན་ཡོད་ནའང་། རོང་འབྲོག་ཕྱོགས་ཀྱི་མང་ཚོགས་སྐོར་ཞིག་གི་ཁྲིམས་ལུགས་ཀྱི་འདུ་ཤེས་ཞན་པ་དང་། རིག་གནས་ཡོན་ཏན་གྱི་ཆུ་ཚད་དམའ་བ། མཐོང་ཐོས་དྲན་རིག་གི་བསམ་བློའི་གུ་རྒྱ་ཧ་ཅང་དོག་པས་ལ་ལས་ཞོར་ལས་བྱེད་ས་རུ་བརྐུ་བྱེད་ན་དང་འཕྲོག་བཅོམ་གྱི་ལས་སུ་ཞུགས་པ། ལ་ལར་མགོ་སྐོར་ཐེབས་ནས་རྒྱུ་ལུས་གང་རུང་ལ་གྱོང་གུད་དང་གནོད་འཚེ་ཐེབས་བཞིན་ཡོད་པ་དང་། ལ་ལར་ས་གནས་དེ་དང་ཡུལ་གྲུ་གཞན་ལ་གནས་དང་མག་པར་འདུག་པ་བཅས་སྔོན་བྱུང་མ་མྱོང་བའི་དོན་རྐྱེན་སྣ་ཚོགས་པ་ཞིག་བྱུང་དང་འབྱུང་མུས་སུ་ཡོད།

ལོ་དེར། བུ་མོ་བསམ་འགྲུབ་སྒྲོལ་མ་ཟི་ལིང་དུ་ཞོར་ལས་ལ་སོང་སྟེ། ཕ་ཡུལ་སི་ཁྲོན་ནས་ཡིན་ཟེར་བའི་སྦྱིན་བདག་ཅིག་ལ་འཕྲད་ཅིང་། དང་ཐོག་སྦྱིན་བདག་དེའི་བཟོ་སྐྲུན་ས་ཚིགས་སུ་ཨར་ལས་བྱས་ཤིང་། བར་དུ་སི་ཁྲོན་གྱི་གྲོང་རྡལ་ཆུང་ཆུང་ཞིག་ན་སྦྱིན་བདག་དེ་ལ་བཟོ་གྲྭ་ཞིག་ཡོད་ཚུལ་དང་ཁྱོད་བཟོ་གྲྭ་དེའི་བདག་གཉེར་པ་བྱོས་དང་ཟླ་རེར་སྒོར་སྟོང་བརྒྱད་རེ་སྟེར་ཟེར་ནས་སི་ཁྲོན་ལ་ཁྲིད། མཐའ་མར་ས་དེའི་གྲོང་གསེབ་ཀྱི་གསར་བུ་ཞིག་ཡོང་ནས། བདག་གིས་ཁྱོད་ཀྱི་སྦྱིན་བདག་ག་གེ་མོར་སྒོ་ཁྲི་གཉིས་བྱིན་ཏེ་ཁྱོད་རང་ཉོས་ཚར་ལ་སང་ཉིན་ནས་བཟུང་བདག་གི་ཆུང་མ་བྱ་དགོས་ཟེར། མི་རང་ཧ་ལས་ཏེ་ངུ་འབོད་དང་བཅས་ཕྱིར་འབྲོ་རྩིས་བྱས་ནའང་། གཅིག་ནས་ཡི་གེ་དང་རྒྱ་སྐད་མི་ཤེས་པས་ཕ་ཡུལ་ལ་ཕྱིར་ལོག་པའི་ལམ་མི་ཤེས་ལ། གཉིས་ནས་ཕ་ཡུལ་དང་ཁ་ཐག་ཧ་ཅང་རིང་བས་ཕྱིར་ལོག་འདོད་ཀྱང་ལག་ན་སྒོར་མོ་མི་གཅིག་ཀྱང་མེད། གསུམ་ནས་ཡུལ་ལ་ཁ་པར་རེ་བརྒྱག་བསམ་ཡང་ཁོ་ཚོས་སྔ་མོ་ནས་མོའི་ཁ་པར་ལག་ནས་བླངས་ཟིན། ད་ནི་ཆ་མེད་ཀྱི་ཡུལ་ནས་རྒྱུས་མེད་ཀྱི་མི་དེ་དང་ལྷན་དུ་བཟའ་འབྲེལ་གྱི་འཚོ་བ་མི་རོལ་ཀ་མེད་བྱུང་།

ཕྲན་དཔྱད།

 བུད་མེད་དང་བྱིས་པ་བསླུ་བྲིད་དང་གཡོ་འཚོང་བྱས་པའི་རིགས་ལ་དུས་བཙོན་ལོ5ཡན་ནས་ལོ10མན་བར་གྱི་ཉེས་ཆད་དང་དངུལ་ཆད་མཉམ་གཅིག་ཏུ་གཅོད་རྒྱུ། གཤམ་གསལ་གནས་ཚུལ་ལས་གང་རུང་ཡོད་པའི་རིགས་ལ་དུས་བཙོན་ལོ10ཡན་དང་ཚེ་བཙོན་གྱི་ཉེས་ཆད་གཅོད་རྒྱུ་དང་། དངུལ་ཆད་ལ་དམ་རྒྱུ་ནོར་གཞུང་བཞེས་ཀྱི་ཁྲིམས་ཆད་མཉམ་གཅིག་ཏུ་གཅོད་རྒྱུ། ཉེས་ཚབས་ཧ་ཅང་ཆེ་རིགས་ལ་སྲོག་ཆད་གཅོད་རྒྱུ་དང་། རྒྱུ་ནོར་གཞུང་བཞེས་ཀྱི་ཁྲིམས་ཆད་མཉམ་གཅིག་ཏུ་གཅོད་རྒྱུ་སྟེ།

1.བུད་མེད་དང་བྱིས་པ་དང་བསླུ་འཚོང་བྱེད་མཁན་གྱི་ཚོགས་གཙོ།

2.བུད་མེད་དང་བྱིས་པ་བསླུ་བྲིད་དང་གཡོ་འཚོང་བྱས་གྲངས་མི་གསུམ་ཡན་གྱི་རིགས།

3.བསླུ་བྲིད་དང་གཡོ་འཚོང་བྱས་པའི་བུད་མེད་ལ་ལོག་གཡེམ་བྱས་པའི་རིགས།

4.བསླུ་བྲིད་དང་གཡོ་འཚོང་བྱས་པའི་བུད་མེད་ལ་མགོ་སྐོར་བསླུ་བྲིད་དང་བཙན་ཤེད་ཀྱི་སྒོ་ནས་སྨད་འཚོང་བྱེད་དུ་བཅུག་པའམ་བསླུ་བྲིད་དང་གཡོ་འཚོང་བྱས་པའི་བུད་མེད་གཞན་ལ་བཙོང་ནས་དེར་བཙན་ཤེད་ཀྱིས་སྨད་འཚོང་བྱེད་དུ་བཅུག་པའི་རིགས།

5.བཙོང་བྱ་དམིགས་ཡུལ་དུ་བཟུང་སྟེ་དྲག་ཤུགས་དང་བཙན་ཤེད་བྱེད་ཐབས་སྤྱད་པའམ་སྤྲིད་པར་བྱེད་པའི་ཐབས་ཤེས་ལ་བརྟེན་ནས་བུད་མེད་དང་བྱིས་ན་བཙན་ཁྲིད་བྱས་པའི་རིགས།

6.བཙོང་བྱ་མི་ཡུལ་དུ་བཟུང་སྟེ་ཕྲུ་གུ་དམར་འབྱར་དང་བྱིས་པ་རྐུ་ཁྱེར་བྱས་པའི་རིགས།

7.བསླུ་བྲིད་དང་གཡོ་འཚོང་བྱས་པའི་བུད་མེད་དང་བྱིས་པའམ་དེ་དག་གི་གཉེན་ཉེར་རྨས་སྐྱོན་ཆེན་པོ་བཏང་བ་དང་ཤི་སྐྱོན་ནམ་དེ་མིན་གྱི་ངན་འབྲེལ་ཚབས་ཆེན་བཟོས་པའི་རིགས།

8.བུད་མེད་དང་བྱིས་པ་རྒྱལ་ཁབ་མངའ་ཁོངས་ལ་ཕྱིར་བཙོང་རྒྱུར་དམིགས་ཡུལ་དུ་བཟུང་སྟེ། བུད་མེད་དང་བྱིས་པ་དང་མགོ་སྐོར་བསླུ་བྲིད་དང་། བཙན་ཁྲིད། བསླུ་ཉོ། ལྐོག་འཚོང་། བསུ་སྐྱེལ། ལམ་བར་བརྒྱུད་སྤྲོད་བཅས་ཀྱི་བྱས་ཉེས་བཅས་སོ།

རྩོམ་སྒྲིག་པ། : ཀླུ་མོ་མཚོ།