ཀྲུང་གོ་བོད་ཀྱི་དྲ་བ།

ཁྱིམ་ཚང་ནང་གི་བྱ་བ་རྩག་རྩིག་འདི་དག་ལ་དམངས་དོན་ཁྲིམས་གཞུང་དུ་འདི་ལྟར་ལན་བཏབ་འདུག

ཡོང་ཁུངས། : མཚོ་སྔོན་བོད་ཡིག་གསར་འགྱུར།     སྤེལ་དུས། : 2020-06-28
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཁྱིམ་ཚང་ནི་སྤྱི་ཚོགས་ཀྱི་ཕྲ་ཕུང་ཡིན་ལ།ཁྱིམ་ཚང་ནང་གི་འབྲེལ་བ་འཆམ་མཐུན་ཡོང་མིན་དེ་གཅིག་ནས་ཁྱིམ་ཚང་གི་བདེ་སྐྱིད་དང་།གཉིས་ནས་སྤྱི་ཚོགས་བདེ་འཇགས་དང་བརྟན་བརླིང་ཡོང་མིན་ལ་འབྲེལ་བ་དམ་པོ་ཡོད།

གཉེན་སྒྲིག་ཐོ་འགོད་བྱེད་སྐབས་ཕྱོགས་གཅིག་གིས་ནད་གཞི་སྦ་གསང་བྱས་ན་ཇི་ལྟར་བྱེད་དགོས་པ་དང་།གཉེན་འབྲེལ་ཁྲོད་ཕྱོགས་གཅིག་གིས་ཅིག་ཤོས་ལ་གསང་སྟེ་བུ་ལོན་མང་པོ་བླངས་ན་ཅིག་ཤོས་ཀྱིས་སྐྱིན་ཚབ་འཇལ་དགོས་མིན།གཉེན་འཐོར་རྗེས་བྱིས་པའི་སྙོར་སྐྱོང་དབང་ཆ་སུ་ལ་དབང་བ་སོགས་ཁྱིམ་ཚང་གི་བྱ་བ་རྩག་རྩིག་འདི་དག་ལ་དམངས་དོན་ཁྲིམས་གཞུང་དུ་ལན་འདི་ལྟར་བཏབ་ཡོད་པ་སྟེ།

གཉེན་སྒྲིག་པའི་སྐབས་སུ་ཕྱོགས་གཅིག་གིས་ནད་གཞི་སྦ་གསང་བྱས་ན་ཇི་ལྟར་བྱེད་དགོས་སམ།

【དཔེ་མཚོན།】 ཁྲེན་ཆེ་གེ་མོ(མོ)དང་ཀྲོའུ་ཆེ་གེ་མོ(ཕོ)གཉིས་གཞན་གྱིས་ངོ་སྤྲོད་བྱས་པ་བརྒྱུད་དེ་བཟའ་སྒྲིག་བྱས་ཤིང་།བཟའ་སྒྲིག་བྱས་རྗེས་ཀྲོའུ་ཆེ་གེ་མོས་རྒྱུན་དུ་རང་ཉིད་ཀྱི་བྱ་སྤྱོད་ལ་ཚོད་འཛིན་བྱེད་མི་ཐུབ་པར།ཐེངས་མང་པོར་རང་སྲོག་ལེན་རྩིས་བྱས།ཁྲེན་ཆེ་གེ་མོར་དེ་ལྟ་བུའི་འཇིགས་སྐུལ་ཐེངས་འགའ་ཐེབས་རྗེས་སྐྲག་ཐག་ཆོད་དེ་གཉེན་འཐོར་རྒྱུའི་རེ་འདུན་མི་ཞུ་ཐབས་མེད་བྱུང་།རྗེས་སུ་ཁྲིམས་ཁང་ནས་གོ་ཐོས་ལྟར་ན།ཀྲོའུ་ཆེ་གེ་མོར་གཉེན་མ་སྒྲིག་པའི་སྔོན་ནས་སྨྱོ་ནད་ལྗིད་མོ་ཕོག་ཡོད་པར་མ་ཟད།ཐེངས་མང་པོར་སྨན་ཁང་དུ་བསྡད་དེ་སྨན་བཅོས་བྱས་མྱོང་བ་རེད།

【བཅའ་ཁྲིམས་ཀྱི་ཁུངས་ལུང་།】བརྩེ་དུང་ནི་གཉེན་འབྲེལ་གྱི་རྨང་གཞི་ཡིན་ལ།ལྷག་བསམ་ཡང་དེ་བཞིན་ནོ། །ཕྱོགས་གཅིག་གིས་ནད་གཞི་སྦ་གསང་བྱས་ཏེ་གཉེན་སྒྲིག་ཡི་གེ་བླངས་ན།ཅིག་ཤོས་ཀྱིས་ཇི་ལྟར་བྱེད་དགོས་སམ།

ད་སྤྱོད་ཀྱི་གཉེན་སྒྲིག་བཅའ་ཁྲིམས་ལྟར་ན།གསོ་བ་རིག་པའི་སྟེང་དུ་གཉེན་སྒྲིག་བྱེད་པར་མི་འཚམ་པའི་ནད་རིགས་བྱུང་ཡོད་ན།བཟའ་སྒྲིག་བྱེད་མི་ཆོག་པའི་ཁོངས་སུ་གཏོགས་པ་ཡིན་མོད།འོན་ཀྱང་མངོན་སུམ་གྱི་འཚོ་བའི་ཁྲོད་ཕྱོགས་གཅིག་ལ་གཉེན་སྒྲིག་མི་ཆོག་པའི་ནད་ཡོད་ནའང་ཅིག་ཤོས་ཀྱིས་གནས་ཚུལ་དེ་ཤེས་ན།ནད་དེ་གཉེན་སྒྲིག་གི་བཀག་རྡོ་རུ་གྱུར་མེད་པའི་གནས་ཚུལ་མང་པོ་ཡོད།

དེ་བས་དམངས་དོན་ཁྲིམས་གཞུང་གི་གཉེན་འབྲེལ་ཁྱིམ་ཚང་ལེ་ཚན་དུ་ནད་ཡོད་ན་གཉེན་སྒྲིག་བྱེད་མི་ཆོག་པའི་གཏན་འཁེལ་དེ་མེད་པར་བཟོས་ཡོད།ཕྱོགས་གཅིག་ལ་ནད་ཡོད་ན་གཉེན་སྒྲིག་ཐོ་འགོད་མ་བྱས་པའི་སྔོན་ལ་ངེས་པར་དུ་ཅིག་ཤོས་ལ་གནས་ཚུལ་གསལ་པོར་བཤད་དགོས་པ་དང་།གལ་ཏེ་གནས་ཚུལ་གསལ་པོར་མ་བཤད་པར་སྦ་གསང་བྱས་ན།ཅིག་ཤོས་ཀྱིས་མི་དམངས་ཁྲིམས་ཁང་ལ་གཏུགས་ནས་གཉེན་སྒྲིག་འབྲེལ་བ་མེད་པར་བཟོ་དགོས་པའི་རེ་འདུན་བཏོན་ཆོག་པར་མ་ཟད།ནོར་འཁྲུལ་མེད་པའི་ཕྱོགས་ཀྱིས་གྱོང་གུན་ཁ་གསབ་བྱེད་དགོས་པའི་རེ་བ་ཡང་བཏོན་ཆོག

ཀྲུང་གོའི་མི་དམངས་སློབ་ཆེན་ཁྲིམས་ལུགས་སློབ་གླིང་གི་དགེ་རྒན་ཆེན་མོའམ་ཀྲུང་གོའི་ཁྲིམས་རིག་སློབ་ཚོགས་གཉེན་འབྲེལ་བཅའ་ཁྲིམས་ཞིབ་འཇུག་ཚོགས་པའི་རྒྱུན་ལས་ལས་འཛིན་སུན་རུའོ་ཅུན་གྱིས་བལྟས་ན།དམངས་དོན་ཁྲིམས་གཞུང་ནང་དུ་ནད་ཡོད་ན་གཉེན་སྒྲིག་བྱེད་མི་ཆོག་པའི་གཏན་འཁེལ་མེད་པར་བཟོས་པ་དེས་ནུས་མེད་གཉེན་འབྲེལ་དེ་ཕྱིར་འཐེན་བྱེད་ཆོག་པའི་གཉེན་འབྲེལ་དུ་བསྒྱུར་ཡོད་པས།བཅའ་ཁྲིམས་ཀྱིས་དོ་བདག་པའི་གཉེན་སྒྲིག་དབང་ཆར་འགན་སྲུང་དང་དོ་བདག་པའི་འདོད་བློར་བརྩི་བཀུར་བྱས་པ་མཚོན་ཡོད་པས།དེ་ནི་སྤྱི་ཚོགས་ཡར་རྒྱས་སུ་འགྲོ་བཞིན་པའི་རྟགས་ཤིག་རེད།

ཕྱོགས་གཅིག་གིས་གཉེན་འབྲེལ་ཁྲོད་བུ་ལོན་མང་པོ་བླངས་ན།བཟའ་ཟླ་ལ་སྐྱིན་ཚབ་འཇལ་བའི་འོས་འགན་ཡོད་དམ།

【དཔེ་མཚོན།】ཙུན་ཆེ་གེ་མོ(མོ)གཉེན་འཐོར་བྱས་རྗེས།མོའི་བཟའ་ཟླས་ཁོ་གཉིས་ཀ་རང་རང་སར་བསྡད་ཡོད་པའི་སྐབས་སུ།མ་དངུལ་འཁོར་རྒྱུག་བྱེད་དགོས་པར་ཁ་གཡར་ཏེ་སྒོར་ཁྲི100ཡི་བུ་ལོན་བླངས་འདུག་པ་ཤེས།བུ་ལོན་དེ་ནི་གཉེན་མ་འཐོར་སྔོན་ལ་བླངས་པ་ཡིན་པས་ཙུན་ཆེ་གེ་མོར་རྗེས་འབྲེལ་འགན་འཁྲི་ཡོད་པར་ཐག་བཅད་པ་དང་།ཙུན་ཆེ་གེ་མོར་དབང་བའི་སྡོད་ཁང་གཅིག་པོ་དེའང་ཁྲིམས་ཁང་གིས་ལག་བསྟར་བྱས་པས།མོས་བུ་ཆུང་ཁྲིད་དེ་ཡུལ་གྱར་མི་བྱེད་ཐབས་མེད་བྱུང་།2019ལོར།ཞིབ་དཔྱོད་ལས་ཁུངས་ཀྱིས་གྱོད་དོན་དེ་ལ་བསྐྱར་གཅོད་ཡོང་རེ་ཞུས་པས།ཙུན་ཆེ་གེ་མོའི་སྡོད་ཁང་ད་གཟོད་ཕྱིར་བླངས་པ་རེད།

【བཅའ་ཁྲིམས་ཀྱི་ཁུངས་ལུང་།】བཟའ་ཟླའི་བར་གྱི་ཐུན་མོང་གི་རྒྱུ་ནོར་དང་ཐུན་མོང་གི་བུ་ལོན་ནི་གང་དག་ལ་ངོས་འཛིན་དགོས་པ་དེ་ནི།གནའ་ནས་བཟུང་སྟེ་གཉེན་འཐོར་གྱོད་དོན་གྱི་རྩོད་གཞི་གཙོ་བོར་གྱུར་ཡོད།ཐུན་མོང་བུ་ལོན་གྱི་གནད་དོན་སྟེང་ནས།དམངས་དོན་ཁྲིམས་གཞུང་གིས་ཆེས་མཐོའི་མི་དམངས་ཁྲིམས་ཁང་གི་འབྲེལ་ཡོད་ཁྲིམས་འཛིན་འགྲེལ་བཤད་ཀྱི་ནང་དོན་བསྡུ་ལེན་བྱས་ཏེ།བཟའ་ཟླ་གཉིས་ཀས་མཉམ་དུ་མིང་རྟགས་བཀོད་ཡོད་པ་དང་ཡང་ན་བཟའ་ཟླ་ཕྱོགས་གཅིག་གིས་རྗེས་སུ་ཁས་ལེན་བྱས་ཡོད་པ་སོགས་ཐུན་མོང་གི་འདོད་བློ་མཚོན་ཐུབ་པའི་བུ་ལོན་དང་།གཞན་ད་རུང་བཟའ་ཟླ་ཕྱོགས་གཅིག་གིས་གཉེན་མ་འཐོར་བའི་སྔོན་ལ་སྒེར་གྱི་མིང་ཐོག་ནས་ཁྱིམ་ཚང་གི་དུས་རྒྱུན་འཚོ་བའི་དགོས་མཁོའི་ཆེད་དུ་བླངས་པའི་བུ་ལོན་ལ་གོ། །

སུན་རུའོ་ཅུན་གྱིས་བསྟན་དོན། གཏན་འཁེལ་འདིའི་ནང་དུ་བཟའ་ཟླའི་ཐུན་མོང་བུ་ལོན་གྱི་ཁྱབ་ཁོངས་གཏན་འཁེལ་བྱས་ཡོད་པ་དང་།བུན་བདག་གི་དཔང་རྟགས་འདོན་པའི་འགན་འཁྲི་ཇེ་དྲག་ཏུ་བཏང་ཡོད་ལ།ཁྱིམ་ཚང་དང་གཉོམ་ཞན་མི་ཚོགས་ལ་ཕྱོགས་ཞེན་རང་བཞིན་གྱི་སྲུང་སྐྱོབ་བྱས་ཡོད་པས།དམངས་དོན་ཁྲིམས་གཞུང་གི་མི་ཆོས་ཐུགས་ཁུར་མངོན་པར་མཚོན་ཡོད་པའི་ཁར།བཟའ་ཟླའི་འབྲེལ་བ་སྔར་བས་དྲང་གཞག་གི་ཕྱོགས་སུ་འཕེལ་བར་དགེ་མཚན་ལྡན་པའི་སྐུལ་འདེད་ཀྱི་ནུས་པ་བཏོན་ཡོད།

དོ་སྣང་བྱེད་རིན་ཡོད་པ་ཞིག་ནི།བཟའ་ཟླའི་ཐུན་མོང་གི་རྒྱུ་ནོར་ཕྱོགས་ནས།དམངས་དོན་ཁྲིམས་གཞུང་དུ“ངལ་རྩོལ་གླ་ཆ”དང“དངུལ་གཏོང་ཡོང་འབབ”གཉིས་ཇེ་མང་དུ་བཏང་ཡོད་པ་སྟེ།དཔེར་ན་བཟའ་ཟླ་ཕྱོགས་གཅིག་གིས་སྒེར་གྱིས་ཉོས་པའི་སྡོད་ཁང་དེ་གཉེན་སྒྲིག་བྱས་རྗེས་གཞན་ལ་གླས་པ་ལས་ཐོབ་པའི་ཡོང་སྒོ་ནི་བཟའ་ཟླའི་ཐུན་མོང་གི་རྒྱུ་ནོར་ཡིན་པ་ལྟ་བུ།

སུན་རུའོ་ཅུན་གྱིས་བཤད་རྒྱུར།བཟོ་བཅོས་འདིས་ཆེས་མཐོའི་མི་དམངས་ཁྲིམས་ཁང་གི་འབྲེལ་ཡོད་ཁྲིམས་འཛིན་འགྲེལ་བཤད་ཀྱི་གཏན་འཁེལ་བསྡུ་ལེན་བྱས་ཡོད་པས།དེ་ནི་ཁྲིམས་འཛིན་ཤན་འབྱེད་ཀྱི་ཉམས་མྱོང་དང་གྲུབ་འབྲས་ཕྱོགས་སྡོམ་བྱས་པ་ཡིན་ལ།ཁྲིམས་བཀོད་ཀྱི་བཟའ་ཟླའི་ཐུན་མོང་རྒྱུ་ནོར་གྱི་ཁྱབ་ཁོངས་ཇེ་ཆེར་བཏང་ཡོད་པར་མ་ཟད།ངལ་རྩོལ་ལས་ཐོབ་པའི་ཐུན་མོང་གི་གཉེན་འབྲེལ་མཉམ་སྤྱོད་ཁྲིམས་འཛུགས་འདུ་ཤེས་ནན་གྱིས་བསྟན་ཡོད་དོ། །

གཉེན་འཐོར་རྗེས་བུ་ཕྲུག་གི་སྙོར་སྐྱོང་དབང་ཆ་སུ་ལ་དབང་བ་དང་།སུའི་འདོད་བློ་གཙོ་བོར་བཟུང་ཡོད་དམ།

【དཔེ་མཚོན།】ཀྲང་ཆེ་གེ་མོ(མོ)བཟའ་ཟླ་གཉིས་ཀར་རྒྱུན་དུ་བཟའ་འཁོན་རྒྱུན་མི་ཆད་པའི་དབང་གིས་གཉེན་འཐོར་རྒྱུའི་གྲོས་འཆམ་བྱུང་བ་དང་།ཁྲིམས་ཁང་གིས་ལོ་གཉིས་ཅན་གྱི་བུ་མོ་ཁོ་མོ་དང་མཉམ་དུ་འཚོ་བ་རོལ་དགོས་པ་ལྟར་ཐག་བཅད།མོའི་ཁྱོ་གས་ཁྲིམས་བཅད་མཇུག་འབྲས་དེ་ཁས་མ་བླངས་པར་ཡང་བསྐྱར་འབྲིང་རིམ་མི་དམངས་ཁྲིམས་ལ་གཏུགས་པར་མ་ཟད།ཁྲིམས་བཅད་མཇུག་འབྲས་མ་ཐོན་པའི་སྔོན་ལ་ཀྲང་ཆེ་གེ་མོ་ཚང་ལ་སོང་ནས་བུ་མོ་འཕྲོག་སོང་བ་རེད།

【བཅའ་ཁྲིམས་ཀྱི་ཁུངས་ལུང་།】བུ་ཕྲུག་གི་སྙོར་སྐྱོང་དབང་ཆ་ནི་རྒྱུན་དུ་གཉེན་འཐོར་གྱོད་དོན་ཁྲོད་ཀྱི་རྩོད་གཞི་གཙོ་བོར་གྱུར་ཡོད་པས།དམངས་དོན་ཁྲིམས་གཞུང་དུ་སྙོར་སྐྱོང་དབང་ཆ་སུ་ལ་དབང་བའི་ཐད་ནས་ལན་གསལ་པོར་བཏབ་ཡོད།

ད་སྤྱོད་གཉེན་སྒྲིག་བཅའ་ཁྲིམས་ཀྱི་ནང་དུ།གཉེན་འཐོར་སྐབས་ནུ་མ་སྣུན་བཞིན་པའི་བུ་ཕྲུག་གི་སྙོར་སྐྱོང་དབང་ཆ་ནི་ངེས་པར་དུ་ཨ་མར་དབང་དགོས།ནུ་མ་སྣུན་ཚར་བའི་བུ་ཕྲུག་ནི་གལ་ཏེ་ཕ་མ་གཉིས་ཀ་སྙོར་སྐྱོང་དབང་ཆའི་ཐད་ནས་གྲོས་འཆམ་མ་བྱུང་ན།མི་དམངས་ཁྲིམས་ཁང་གིས་བུ་ཕྲུག་གི་ཁེ་དབང་དང་ཕ་མ་གཉིས་ཀྱི་བྱེ་བྲག་གི་གནས་ཚུལ་ལ་བལྟས་ནས་ཐག་གཅོད་དགོས་པར་གཏན་འཁེལ་བྱས་ཡོད།

དམངས་དོན་ཁྲིམས་གཞུང་དུ་ནུ་མ་སྣུན་པའི་དུས་སྐབས་ནི་ལོ་གཉིས་ལ་བསྒྱུར་ཡོད་པ་དང་།ལོ་གཉིས་ཡན་གྱི་བུ་ཕྲུག་གི་སྙོར་སྐྱོང་ཐད་ནས་ཕ་མ་གཉིས་ཀ་གྲོས་འཆམ་མ་བྱུང་ན།མི་དམངས་ཁྲིམས་ཁང་གིས་ཕ་མ་གཉིས་ཀྱི་བྱེ་བྲག་གི་གནས་ཚུལ་གཞིར་བཟུང་ནས།བུ་ཕྲུག་འཚར་ལོངས་འབྱུང་བར་ཆེས་ཕན་པའི་རྩ་དོན་གཞིར་བཟུང་ནས་ཐག་གཅོད་རྒྱུ་རེད།དམངས་དོན་ཁྲིམས་གཞུང་གི་འཆར་ཟིན་ལ་གྲོས་ཞིབ་བྱེད་སྐབས།རྒྱལ་ཡོངས་དམངས་ཆེན་གྱི་འཐུས་མི་རྣམས་ཀྱིས་ལོ8ཡན་གྱི་བྱིས་པར་རང་ཉིད་ཀྱི་རང་བདག་འདུ་ཤེས་ངེས་ཅན་ཞིག་ཡོད་པས།སྙོར་སྐྱོང་དབང་ཆའི་གནད་དོན་སྟེང་ནས་ངེས་པར་དུ་བྱིས་པའི་འདོད་བློར་བརྩི་སྲུང་བྱེད་དགོས་པར་འདོད་ཀྱིན་ཡོད་པས།དམངས་དོན་ཁྲིམས་གཞུང་གིས་གྲོས་གཞི་དེ་བསྡུ་ལེན་བྱས་པར་མ་ཟད།ད་རུང་བྱིས་པ་ལོ8ལ་བུད་རྗེས་ངེས་པར་དུ་དེའི་འདོད་བློ་ངོ་མར་བརྩི་སྲུང་བྱེད་དགོས་པ་གཏན་འཁེལ་བྱས་ཡོད།

སུན་རུའོ་ཅུན་གྱིས་བལྟས་ན།“ནུ་མ་སྣུན་པའི་དུས་སྐབས”ཞེས་པ་དེ་ལ་གཏན་འཁེལ་ངེས་ཅན་ཞིག་མེད་པར་མི་རེ་རེར་ཁྱད་པར་ཆེན་པོ་ཡོད་པས།སྔོན་ཆད་ཀྱི་ཁྲིམས་འཛིན་ལག་ལེན་ཁྲོད།དོ་བདག་པ་ཁ་ཤས་ཀྱིས་བཅའ་ཁྲིམས་ཀྱི་གཏན་འཁེལ་དང་བསྟུན་ཆེད།བཙན་ཤེད་ཀྱིས་ནུ་མ་སྣུན་མཚམས་འཇོག་པའམ་ཡང་ན་ནུ་མ་སྣུན་པའི་དུས་སྐབས་སུ་བྲེལ་བྲེལ་འཚུབ་འཚུབ་ཀྱིས་གཉེན་འཐོར་བའི་གནས་ཚུལ་ཧ་ཅང་མང་།དམངས་དོན་ཁྲིམས་གཞུང་གིས་སྔོན་ཆད་ཀྱི་ཁྲིམས་འཛིན་ཤན་འབྱེད་སྒྲིག་སྲོལ་བསྡུ་ལེན་བྱས་པ་དེས།སྙོར་སྐྱོང་དབང་ཆའི་ངོས་འཛིན་ཚད་གཞི་སྔར་བས་ལུགས་མཐུན་སྒོས་གཏན་འཁེལ་བྱས་ཡོད་པས།བྱིས་པ་དང་བུད་མེད་ཀྱི་ལུས་སེམས་བདེ་ཐང་ལ་སྲུང་སྐྱོབ་བྱེད་པར་སྔར་བས་ཕན་ཐོགས་ཆེན་པོ་ཡོད་དོ། །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།