ཀྲུང་གོ་བོད་ཀྱི་དྲ་བ།

མཁར་གྲོང་ཞིང་པར་འགྲིམ་འགྲུལ་དོན་རྐྱེན་བྱུང་ཚེ་སྐྱིན་ཚབ་ཇི་ལྟར་གཞལ་དགོས།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།     སྤེལ་དུས། : 2020-03-03
ཡིག་གཟུགས། :ཆུང་། འབྲིང་། ཆེ།

གྱོད་དཔེ།

དཔལ་འབྱོར་ནི་ཞིང་གྲོང་ནས་ནར་སོན་པའི་ན་གཞོན་པའི་ཞིག་ཡིན་པ་དང་། ལོ་གཉིས་ཀྱི་སྔོན་དུ་ཕ་ཡུལ་དང་ཁ་བྲལ་ཏེ་གྲོང་ཁྱེར་ག་གེ་མོ་ཞིག་གི་ཉེ་འཁོར་དུ་ཚོང་ལས་གཉེར་ཞིང་། དཔལ་འབྱོར་གྱིས་ལོ་འགར་འབད་པ་བརྒྱུད་ཚོང་ལས་ཇེ་བཟང་ནས་ཇེ་བཟང་དུ་སོང་བས་གྲོང་ཁྱེར་དེ་ག་རུ་ཁང་བ་ཞིག་ཀྱང་ཉོས། ཡིན་ན་ཡང་དཔལ་འབྱོར་གྱི་ཚོང་ལས་ཉིན་རེ་ནས་ཉིན་རེར་འཕེལ་རྒྱས་སུ་འགྲོ་བཞིན་པའི་སྐབས་ཤིན་ཏུ་ཁོར་གློ་བུར་དུ་འགྲིམ་འགྲུལ་དོན་རྐྱེན་ཞིག་བྱུང་སྟེ་ལུས་ཡོངས་ལ་རུས་ཆག་གི་རྨས་སྐྱོན་ཚབས་ཆེན་བཟོས་མོད། འོན་ཀྱང་ཚེ་སྲོག་ལ་ཉེན་ཁ་མེད་པར་གྱུར། འབྲེལ་ཡོད་ལས་ཁུངས་ཀྱིས་གསལ་འབྱེད་བྱས་པ་ལྟར་ན་རིམ་པ་དགུ་པའི་རྨས་སྐྱོན་དུ་གཏོགས། ཟླ་འགའི་རྗེས་སུ་དཔལ་འབྱོར་གྱི་རྨས་སྐྱོན་སངས་དྲག་ཏུ་གྱུར་ནས་སྨན་ཁང་ལས་བུད་རྗེས། དོན་རྐྱེན་སློབ་མཁན་ལ་སྐྱིན་ཚབ་གཞལ་དགོས་པའི་རེ་བ་བཏོན་མཐར། ཕ་རོལ་པོ་ཡང་སྐྱིན་ཚབ་གཞལ་བར་ཡིིད་འཐད་བྱུང་མོད། འོན་ཀྱང་སྐྱིན་ཚབ་གཞལ་བར་མཁར་གྲོང་ངམ་ཞིང་གྲོང་གི་ཚད་གཞི་གང་བཟུང་ནས་སྐྱིན་ཚབ་སྒོར་གྲངས་གཏན་ཁེལ་བྱེད་པར་ཕན་ཚུན་ཕྱོགས་གཉིས་ཀའི་བར་དུ་རྩོད་གླེང་བྱུང་། དོན་རྐྱེན་སློང་མཁན་ནི་ཞིང་གྲོང་གི་ཁྱིམ་ཐོ་ཡིན་པས་ཞིང་གྲོང་གི་ཚད་གཞི་ལྟར་སྐྱིན་ཚབ་གཞལ་དགོས་པར་འདོད། ཡིན་ན་ཡང་དཔལ་འབྱོར་གྱི་སེམས་སུ་རང་ཉིད་ཀྱིས་ལོ་མང་པོར་གྲོང་ཁྱེར་དུ་འཚོ་བ་རོལ་བས་གྲོང་ཁྱེར་གྱི་ཚད་གཞི་ལྟར་སྐྱིན་ཚབ་གཞལ་དགོས་པ་བསམས། འདི་ལྟར་དཔལ་འབྱོར་དང་དོན་རྐྱེན་སློང་མཁན་ཕྱོགས་གཉིས་ཀའི་བར་དུ་སྨན་ཡོན་གྱི་སྐྱིན་ཚབ་སྐོར་ལ་རྩོད་གླེང་བྱུང་།

ཕྲན་དཔྱད།

ཆེས་མཐོའི་མི་དམངས་ཁྲིམས་ཁང་གི་འབྲེལ་ཡོད་ཁྲིམས་འཛིན་འགྲེལ་བཤད་ཀྱི་གཏན་ཁེལ་ལྟར་ན། མི་ལུས་གྱོང་གུད་ལ་སྐྱིན་ཚབ་འཇལ་བའི་གྱོད་དོན་ཁྲོད་དུ། དབང་བོ་སྐྱོན་ཅན་གྱི་སྐྱིན་ཚབ་གཞལ་དངུལ། ཤི་སྐྱོན་སྐྱིན་ཚབ་གཞལ་དངུལ་དང་སྙོར་སྐྱོང་བྱ་ཡུལ་གྱི་འཚོ་བའི་གྲོན་དངུལ་རྩིས་དགོས་ཚེ། གྱོད་དོན་གྱི་དངོས་ཡོད་གནས་ཚུལ་གཞིར་བཟུང་སྟེ། གནོད་འཚེ་ཕོག་མཁན་གྱི་སྡོད་གནས་དང་རྒྱུན་སྡོད་བསྟི་གནས་སོགས་ཀྱི་རྒྱུ་རྐྱེན་ཟུང་དུ་སྤྲེལ་ཏེ“ཆ་སྙོམས་མིའི་མཛད་འཛད་སྤྱོད་འགྲོ་གྲོན”མཁར་གྲོང་སྡོད་དམངས་ཀྱི་ཆ་སྙོམས་བཀོད་སྒྲིག་ཡོང་འབབ“ཆ་སྙོམས་མིའི་ལོ་རེའི་འཛད་སྤྱོད་འགྲོ་གྲོན”དང་ཡང་ན་ཞིང་གྲོང་སྡོད་དམངས་ཀྱི་དངོས་ཡོད་ཡོང་འབབ་ཚད་གཞི་གཏན་ཁེལ་བྱ་དགོས།

གོང་གི་གྱོད་དོན་འདིར་གཞིགས་ན། གནོད་འཚེ་ཕོག་མཁན་དཔལ་འབྱོར་གྱི་ཁྱིམ་ཐོ་ནི་ཞིང་གྲོང་གི་ཁྱིམ་ཐོ་ཡིན་མོད། ཡང་གྲོང་ཁྱེར་དུ་ཚོང་གཉེར་དང་གཏན་སྡོད་བྱས་ཡོད་པར་མ་ཟད། རྒྱུན་སྡོད་བསྟི་གནས་སམ་ཡོང་འབབ་གཙོ་བོའི་ཆ་སྙོམས་ཀྱི་ཡོང་ཁུངས་ནི་གྲོང་ཁྱེར་ཡིན་པས་འབྲེལ་ཡོད་གྱོང་གུད་ཀྱི་སྐྱིན་ཚབ་གྲོན་དངུལ་ནི་ས་གནས་དེ་གའི་མཁར་གྲོང་གི་གཏན་སྡོད་ཚད་གཞི་ལྟར་རྩིས་བརྒྱག་དགོས། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།