ཀྲུང་གོ་བོད་ཀྱི་དྲ་བ།

ཁང་རིན་སྤྲོད་པའི་དུས་ཚད་གཏན་ཁེལ་བྱས་མེད་ཚེ་ཇི་ལྟར་བྱ་དགོས།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།     སྤེལ་དུས། : 2020-03-03
ཡིག་གཟུགས། :ཆུང་། འབྲིང་། ཆེ།

གྱོད་དཔེ།

ཚེ་རྡོ་དང་རྟ་མགྲིན་གཉིས་ནི་ལོ་མང་བོའི་རིང་གི་གྲོགས་པོ་ཡིན་ཞིང་། ཚེ་རྡོར་གྲོང་ཁྱེར་ག་གེ་མོ་ཞིག་གི་ཉེ་འཁོར་དུ་ཁང་བ་ཆུང་ཆུང་ཞིག་ཡོད་པ་དེ་རྟ་མགྲིན་གྱིས་ལས་བསྐྱུར་ངལ་གསོ་བྱས་རྗེས་གླ་དགོས་པའི་རེ་འདུན་བཏོན། རྒྱུ་མཚན་ནི་ཁང་བ་དེ་ག་གནས་སའི་མཁའ་དབུགས་ཧ་ཅང་གཙང་བར་མ་ཟད། ཉེ་འགྲམ་དུ་མཚེའུ་ཆུང་ཆུང་ཞིག་ཀྱང་ཡོད་པས་རྒན་པ་དག་གི་ངལ་གསོ་སའི་གནས་ལ་ཧ་ཅང་འོས་ཤིང་འཚམ། ཚེ་རྡོ་ཡིས་རང་ཉིད་ཀྱི་ཁང་བ་ཆུང་ཆུང་དེ་རྟ་མགྲིན་ལ་གླ་རྒྱུར་ཡིད་འཐད་བྱུང་སྟེ་ཕན་ཚུན་ཕྱོགས་གཉིས་ཀྱིས་ཁང་བའི་གླ་ཡུན་ནི་ལོ10ཡིན་པའི་ཁང་ཆད་བཞག་པ་དང་། དེར་མ་ཟད་ཁང་བའི་གླ་དངུལ་ནི་ཟླ་རེར་སྒོར500ཡིན་པའི་ཐག་བཅད་བྱས་མོད། འོན་ཀྱང་གླ་དངུལ་སྤྲོད་པའི་དུས་ཚད་གསལ་བོ་ཞིག་གཏན་ཁེལ་མ་བྱས། རྟ་མགྲིན་ཁང་བའི་ནང་དུ་བསྡད་རྗེས་ལོ་ཕྱེད་ཀར་ཐེངས་གཅིག་ལའང་ཁང་རིན་མ་སྤྲད་པས་ཚེ་རྡོ་ཡིས་རྟ་མགྲིན་བཙལ་ཏེ་ཁང་རིན་སྤྲོད་དགོས་པའི་རེ་བ་བཏོན་ཡང་རྟ་མགྲིན་གྱིས་འུ་གཉིས་ཀས་བཞག་པའི་གན་རྒྱ་ལྟར་ན་ཁང་རིན་སྤྲོད་པའི་དུས་ཚད་གཏན་ཁེལ་བྱས་མེད་པ་དང་། ལོ་རེར་ལོ་གཅིག་གི་ཁང་རིན་ལོ་མཇུག་ཏུ་སྤྲོད་ངེས་ཡིན་ཞེས་བཤད། དེ་ནས་ཚེ་རྡོ་ཞེ་སྤོ་གཏིང་ནས་ལངས་ཏེ་རྟ་མགྲིན་ལ་ཁ་རྩོད་བྱས།

ཕྲན་དཔྱད།

བོགས་གཏོང་གན་རྒྱའི་དངུལ་སྤྲོད་དུས་ཚད་མི་བོགས་གཏོང་གན་རྒྱའི་ནང་དུ་ངེས་པར་དགོས་པའི་དོན་ཚན་ཞིག་ཡིན་པ་དང་། ཡིན་ཡང་དངོས་ཡོད་འཚོ་བའི་ཁྲོད་དུ། གན་རྒྱའི་ནང་དུ་དངུལ་སྤྲོད་དུས་ཚོད་གཏན་ཁེལ་བྱས་མེད་པའི་གནས་ཚུལ་བྱུང་དང་འབྱུང་བཞིན་ཡོད། གལ་ཏེ་འདི་འདྲའི་གནས་ཚུལ་བྱུང་ཚེ་ཇི་ལྟར་བྱ་དགོས་ཤེ་ན། རང་རྒྱལ་གྱི《གན་རྒྱའི་བཅའ་ཁྲིམས》ཀྱི་གཏན་ཁེལ་ལྟར། “ཁང་བ་གླ་མཁན་གྱིས་དུས་ཚད་ལྟར་ཁང་རིན་སྤྲོད་དགོས། ཁང་རིན་སྤྲོད་པའི་དུས་ཚད་ལ་ཁ་ཆད་བཞག་མེད་པའམ་ཡང་ན་ཁ་ཆད་བཞག་པ་གསབ་བོ་མིན་ཚེ། གྲོས་མོལ་དེར་ཁ་གསལ་བྱས་ནས་གྲོས་མཐུན་མ་བྱུང་ན། ཁང་བ་གླ་ཡུན་ལོ1ལ་མི་ལོངས་ཚེ། ཁང་བ་གླ་ཡུན་ལོངས་རྗེས་ཁང་རིན་སྤྲོད་དགོས། ཁང་བ་གླ་ཡུན་ལོ1གི་ཡན་ཡིན་ཚེ། ལོ་རེར་ལོ1ལོངས་རྗེས་ཁང་རིན་སྤྲོད་དགོས་པ་དང་། ལྷག་མའི་གླ་ཡུན་ལོ༡ལ་མི་ལོང་ཚེ། ཁང་བ་གླ་ཡུན་ལོངས་རྗེས་ཁང་རིན་སྤྲོད་དགོས”ཞེས་བཀོད་ཡོད།

གོང་གི་གྱོད་དོན་འདིར་གཞིགས་ན། ཚེ་རྡོ་དང་རྟ་མགྲིན་གཉིས་ཀྱིས་བཞག་པའི་ཁང་བའི་བོགས་གཏོང་གན་རྒྱ་ནི་ལོ1གི་ཡན་ཡིན་པའི་བོགས་གཏོང་གན་རྒྱ་ཞིག་ཡིན་པ་དང་། རྟ་མགྲིན་གྱིས་ལོ་རེར་ལོ1ལོངས་རྗེས་ད་གཟོད་ཁང་རིན་སྤྲད་ཆོག་པ་ཡིན།

རྩོམ་སྒྲིག་པ། : ཀླུ་མོ་མཚོ།