སྦྱིན་བདག་གིས་ཁྱོད་ལ་རྟག་པར་ལས་སྣོན་བྱེད་དུ་བཅུག་ན་ཁྱོད་ལ་དང་ལེན་མི་བྱེད་པའི་དབང་ཆ་ཡོད་དམ།

གྱོད་དཔེ།

ཧྥུ་ཧྲི་ཁང་ཚན་རྩལ་ཚོགས་ཁག་ནི་ཐའེ་ཝན་གྱིས་མ་རྩ་བཏང་བའི་ཁེ་ལས་གྲགས་ཅན་ཞིག་ཡིན་ཏེ། ཀྲུང་གོའི་སྐམ་ས་ཆེན་མོར་ཚན་རྩལ་བཟོ་ལས་གླིང་ཁུལ30ལྷག་བཙུགས་པ་དང་། ད་ལྟ་ལས་བཟོ་པ་ཁྲི120ལྷག་དང་གོ་ལ་ཧྲིལ་པོའི་རྩེར་སོན་ཚོང་འགྲུལ་ཚོགས་པ་ཡོད། དེ་འདྲའི་སྟོབས་འབྱོར་ལྡན་པའི་ཧྥུ་ཧྲི་ཁང་ལ་སྣང་ཚུལ་ཡ་མཚན་ཞིག་ཡོད་དེ།  ལས་བཟོ་པ་ཐོག་ཁང་སྟེང་ནས་མར་ལྡིང་ནས་ལྕེབས་པའི་ཡ་ང་བའི་གནས་ཚུལ་རྒྱུན་དུ་བྱུང་བ་རེད། 2010ལོ་ནས2014ལོའི་བར། ཧྥུ་ཧྲི་ཁང་གི་ཁུན་ཧྲན་དང་། ཧྲིན་ཀྲེན། ཁྲིན་ཏུའུ། ཀྲིན་ཀྲོའུ་སོགས་ཀྱི་བཟོ་གྲྭ་རུ་ལས་བཟོ་པ་ལྕེབས་པའི་ཡ་ང་བའི་གནས་ཚུལ་མང་པོ་བྱུང་བ་རེད། ཡང་སྙིང་ཡ་ང་བའི་གནས་ཚུལ་བསྟུད་མར་འབྱུང་བའི་རྐྱེན་ཅི་ཞིག་ནམ་ཞེ་ན། 2015ལོའི་ཟླ2པའི་ཚེས3ཉིན་རྒྱལ་ཡོངས་སྤྱི་ཁྱབ་བཟོ་ཚོགས་བཅའ་ཁྲིམས་ལས་དོན་པུའུ་ཡི་འགན་ཁུར་པས་བཤད་དོན། ཧྥུ་ཧྲི་ཁང་སོགས་ཁེ་ལས་ཁ་ཤས་ཀྱིས་དུས་ཡུན་རིང་པོར་ཁྲིམས་འགལ་ངང་ནས་ངལ་རྩོལ་པའི་ལས་ཡུན་འཕར་སྣོན་བྱས་པའི་དབང་གིས་ངལ་རྩོལ་པ་ཁག་ཅིག་ལ་སེམས་ཁམས་མི་བདེ་པའི་གནད་དོན་སྣ་ཚོགས་བྱུང་བས། ངལ་དུབ་ཆེ་དྲགས་ནས་ཤི་བའམ་ཡང་ན་རང་སྲོག་གཅོད་པའི་གནས་ཚུལ་རྟག་ཏུ་བྱུང་བ་རེད། སྐྱོན་འཛུགས་བྱས་པར་དམིགས་ནས་ཧྥུ་ཧྲི་ཁང་ཀུང་སིས། ལས་བཟོ་བའི་ལས་ཡུན་འཕར་སྣོན་བྱས་པ་དང་ལས་བཟོ་བ་ཁག་ཅིག་ངལ་དུབ་ཀྱིས་ཤི་བའམ་ཡང་ན་རང་སྲོག་གཅོད་པའི་བར་ལ་ཐད་ཀར་འབྲེལ་བ་ཡོད་པར་ངོས་འཛིན་པ་ནི་འོལ་སྤྱོད་དང་། དང་ལེན་བྱེད་དཀའ་བར་གསལ་བསྒྲགས་བྱས། 

རྩོད་གཞི་འདི་གནས་སྐབས་གསལ་འབྱེད་དཀའ་ན་ཡང་། འདི་ནི་ལས་ཀའི་ཁྲོད་ཀྱི་རྒྱུན་ལྡན་གྱི་སྣང་ཚུལ་ཞིག་སྟེ།  ལས་ཀ་འཕར་སྣོན་གྱི་གནད་དོན་དེ་མི་རྣམས་ཀྱི་མིག་ལམ་དུ་སླར་ཡང་མངོན་དུ་བཅུག ཁྱོད་ངལ་རྩོལ་པ་ཞིག་ཡིན་ཕྱིན་རང་རྟོག་གམ་ཡང་ན་གཞན་དབང་གང་རུང་གིས་ལས་ཡུན་འཕར་སྣོན་བྱེད་པར་ཐུག་སྲིད། འོ་ན་སྦྱིན་བདག་གིས་གང་འདོད་ལྟར་ཁྱོད་ལ་ལས་ཡུན་འཕར་སྣོན་བྱས་ཆོག་གམ། སྦྱིན་བདག་གིས་ལས་ཡུན་འཕར་སྣོན་བྱེད་པའི་ཚུལ་མིན་བླང་བྱ་བཏོན་ན། ཁྱོད་ལ་དང་ལེན་མི་བྱེད་པའི་དབང་ཆ་ཡོད་དམ་ཞེ་ན།

གྱོད་དོན་དབྱེ་ཞིབ།

རང་རྒྱལ་གྱི་རྩ་ཁྲིམས་ནང་སྤྱི་དམངས་ཀྱི་ངལ་རྩོལ་དབང་ཆ་གཏན་འབེབས་བྱས་ཡོད་ལ། ངལ་རྩོལ་པའི་ངལ་གསོ་བྱེད་དབང་སྟེ། “ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ངལ་རྩོལ་པར་ངལ་གསོ་བྱེད་པའི་ཁེ་དབང་ཡོད། རྒྱལ་ཁབ་ཀྱི་ངལ་རྩོལ་པའི་ངལ་གསོ་དང་ལུས་གསོའི་སྒྲིག་བཀོད་འཕེལ་རྒྱས་གཏོང་རྒྱུ་དང་། ལས་བཟོ་པའི་ལས་ཀ་བྱེད་ཡུན་དང་གུང་གསེང་ལམ་ལུགས་གཏན་དུ་འཁེལ་དགོས”ཞེས་ཀྱང་གཏན་འབེབས་བྱས་ཡོད། ངལ་རྩོལ་པའི་ངལ་གསོ་བྱེད་དབང་ནི་ངལ་རྩོལ་པར་ལོངས་སུ་སྤྱོད་རྒྱུ་ཡོད་པའི་རྩ་བའི་ཁེ་དབང་ཡིན་པ་དང་། ངལ་རྩོལ་གྱི་དབང་དང་གཅིག་འདུའི་ཕུང་པོར་གྲུབ་པ་ཡིན་པས། ངལ་གསོ་བྱེད་དབང་མེད་ན་ངལ་རྩོལ་གྱི་དབང་ཆ་མངོན་འགྱུར་ཡོང་ཐབས་མེད། ངལ་རྩོལ་པའང་མི་ཡིན་པ་ལས། མི་ཤུགས་བཀོལ་སྤྱོད་ལས་ཁུངས་ཀྱིས་གནད་འཁེལ་སྦྱོང་བརྡར་བྱས་པའི་འཕྲུལ་ཆས་ཀྱི་མི་མིན་པས། ངལ་གསོ་བྱེད་དུ་འཇུག་དགོས། ངལ་རྩོལ་པའི་ངལ་རྩོལ་ངེས་ཅན་ཞིག་བྱས་རྗེས་ངལ་དུབ་སེལ་ནས་ངལ་རྩོལ་ནུས་པ་དགོས་ངེས་ཀྱི་སླར་གསོ་བྱེད་དགོས་ཤིང་། ངལ་གསོ་བྱེད་དབང་ནི་ངལ་རྩོལ་གྱི་དབང་ཆ་གནས་པ་དང་འཕེལ་རྒྱས་སུ་གཏོང་བའི་ཆ་རྐྱེན་ཡིན། ངལ་གསོ་འཚམ་པོ་བྱས་ན། ངལ་རྩོལ་པར་ལུས་སྟོབས་སླར་གསོ་བྱེད་པའི་གོ་སྐབས་འདོན་སྤྲོད་གང་ལེགས་བྱེད་ཐུབ་པར་མ་ཟད། ཁོ་ཚོ་རང་ཁྱིམ་དུ་ལོག་ནས་ཁྱིམ་མི་དང་མཉམ་དུ་ངལ་རྩོལ་གྱི་གྲུབ་འབྲས་ལོངས་སུ་སྤྱོད་དུ་འཇུག་ཐུབ་ལ། ངལ་རྩོལ་པ་སྤྱི་ཚོགས་དང་རིག་གནས་བྱེད་སྒོ་སྣ་ཚོགས་ལ་ཞུགས་ནས་རིག་གནས་ཀྱི་ཆུ་ཚད་མཐོ་རུ་གཏོང་བའི་གོ་སྐབས་ཀྱང་སྤྲོད་ཐུབ།

ངལ་རྩོལ་པའི་ངལ་གསོ་བྱེད་དབང་སྲུང་སྐྱོང་གང་ལེགས་བྱ་ཆེད།  རྩ་ཁྲིམས་ཙམ་མ་ཟད། 《ངལ་རྩོལ་སྐོར་གྱི་བཅའ་ཁྲིམས》དང་།《ངལ་རྩོལ་གན་རྒྱའི་སྐོར་གྱི་བཅའ་ཁྲིམས》སོགས་སུའང་དོན་འདིའི་ཐད་འབྲེལ་ཡོད་ཀྱི་གཏན་འབེབས་བྱས་ཡོད། 《ངལ་རྩོལ་སྐོར་གྱི་བཅའ་ཁྲིམས》ལྟར་ན། རྒྱལ་ཁབ་ཀྱི་ངལ་རྩོལ་པ་རྣམས་ལ་ཉིན་རེར་ལས་ཀ་བྱེད་ཡུན་ཆུ་ཚོད་བརྒྱད་ལས་མི་བརྒལ་བ་དང་། ཆ་སྙོམས་གཟའ་འཁོར་རེར་ལས་ཀ་བྱེད་ཡུན་ཆུ་ཚོད་ཞེ་བཞི་ལས་མི་བརྒལ་བའི་ལས་ཡུན་ལམ་ལུགས་ལག་བསྟར་བྱེད་ཀྱི་ཡོད་པས། མི་ཤུགས་བཀོལ་སྤྱོད་ལས་ཁུངས་ཀྱིས་ཀྱང་ངལ་རྩོལ་པར་གཟའ་འཁོར་རེར་ཉུང་མཐར་ཡང་ངལ་གསོ་ཉིན་གཅིག་འཇོག་པ་དང་། སྤྱི་ལོའི་ལོ་གསར་དང་། དཔྱིད་གསར་དུས་ཆེན། རྒྱལ་སྤྱིའི་ངལ་རྩོལ་དུས་ཆེན། རྒྱལ་སྟོན་དུས་ཆེན་སོགས་བཅའ་ཁྲིམས་དང་ཁྲིམས་སྲོལ་ནང་གཏན་ལ་ཕབ་པའི་གུང་གསེང་དང་དུས་ཆེན་སྐབས་བཅའ་ཁྲིམས་ལྟར་ངལ་རྩོལ་པར་གུང་གསེང་གཏོང་བ། བསྟུད་མར་ལོ་གཅིག་ཡན་ལ་ལས་ཀ་བསྒྲུབ་པའི་ངལ་རྩོལ་པར་གླ་ཕོགས་ལེན་ཞོར་དུ་ལོ་རེའི་གུང་གསེང་ལོངས་སུ་སྤྱོད་རྒྱུ་ཡོད་པ་བཅས་ཀྱི་འགན་ལེན་བྱེད་དགོས།

འོ་ན། ལས་ཡུན་ཚད་བཀག་ནན་མོ་འདི་ལྟ་བུའི་ཆ་རྐྱེན་འོག མི་ཤུགས་བཀོལ་སྤྱོད་ལས་ཁུངས་ཀྱིས་ངལ་རྩོལ་པའི་ལས་ཡུན་འཕར་སྣོན་བྱེད་པར་རེ་བ་བཏོན་ན་བཅའ་ཁྲིམས་ཀྱིས་ཁས་ལེན་རྒྱུ་ཡིན་ནམ།《ངལ་རྩོལ་སྐོར་གྱི་བཅའ་ཁྲིམས》ལ་གཞིགས་ན། མི་ཤུགས་བཀོལ་སྤྱོད་ལས་ཁུངས་ཀྱིས་ངལ་རྩོལ་པར་ལས་ཡུན་ཁ་སྣོན་བྱེད་དུ་བཅུག་ཆོག་ཀྱང་། ཚོད་འཛིན་ནན་པོར་བྱས་ཡོད། ལས་ཡུན་སྣོན་པའི་དུས་ཡུན་ཉིན་རེར་ཆུ་ཚོད་གཅིག་ལས་བརྒལ་མི་ཆོག་ཅིང་། དམིགས་བསལ་གནས་ཚུལ་འོག་དུས་འགྱངས་བྱས་ཆོག་ནའང་ཆུ་ཚོད་གསུམ་ལས་བརྒལ་མི་ཆོག་པ་དང་། ཟླ་རེར་ཆུ་ཚོད36ལས་བརྒལ་མི་ཆོག 《གླ་ཕོགས་སྤྲོད་པའི་སྐོར་གྱི་པེ་ཅིང་གྲོང་ཁྱེར་གྱི་གཏན་འབེབས》ཀྱི་དོན་ཚན14པའི་ནང་། མི་ཤུགས་བཀོལ་སྤྱོད་ལས་ཁུངས་ཀྱིས་ཁྲིམས་ལྟར་ངལ་གསོའི་ཉིན་མོར་ངལ་རྩོལ་པར་ཚད་ལྡན་ལས་ཡུན་ལས་བརྒལ་བའི་ལས་ཀ་བཀོད་སྒྲིག་བྱས་ན། ངེས་པར་དུ་གཤམ་གསལ་གྱི་ཚད་གཞི་ལྟར་ངལ་རྩོལ་པར་ལས་ཡུན་འཕར་སྣོན་གྱི་གླ་ཕོགས་སྤྲོད་དགོས་ཏེ། ཉིན་རེའི་ཚད་ལྡན་ལས་ཡུན་ཕུད་པའི་ལས་ཡུན་ཇེ་རིང་དུ་བཏང་ན། ཆུ་ཚོད་རེའི་གླ་ཕོགས་ཀྱི་གཞི་གྲངས་ཀྱི150%ལས་མི་ཉུང་བའི་ལས་ཡུན་འཕར་སྣོན་གྱི་གླ་ཕོགས་སྤྲོད་དགོས་བ་དང་།(2)ངལ་གསོའི་ཉིན་མོར་ལས་ཀ་བྱས་ན། དེར་དུས་ཚོད་གཅིག་མཚུངས་སུ་ངལ་གསོ་བཀོད་སྒྲིག་བྱེད་དགོས་པ་དང་། གུང་གསེང་ཁ་གསབ་བྱེད་མ་ཐུབ་ཚེ། ཉིན་མོའམ་ཡང་ན་ཆུ་ཚོད་རེའི་གླ་ཕོགས་གཞི་གྲངས་ཀྱི200%ལས་མི་ཉུང་བའི་ལས་ཡུན་འཕར་སྣོན་གྱི་གླ་ཕོགས་སྤྲོད་དགོས།(3)ཁྲིམས་བཀོད་གུང་གསེང་གཏོང་ཉིན་དུ་ལས་ཀ་བྱས་ན། ཉིན་མོའམ་ཡང་ན་ཆུ་ཚོད་རེའི་གླ་ཕོགས་གཞི་གྲངས་ཀྱི300%ལས་མི་དམའ་བའི་ལས་ཡུན་འཕར་སྣོན་གྱི་གླ་ཕོགས་སྤྲོད་དགོས་པ་བཅས་ཀྱི་གཏན་འབེབས་བྱས་ཡོད་པ་རེད། །

རྩོམ་སྒྲིག་པ། གསང་བདག་རྒྱལ།

དཔྱད་མཆན 0 ཡོད།