གྱོད་དཔེ།
མཚོ་མོ་སྐྱེས་ནས་ལོ་གཅིག་ཕྱིན་པའི་སྐྱེས་སྐར་ཉིན་མོར། ཨ་མས་རང་གི་ཤ་ལས་མཆེད་པའི་བུ་མོའི་སྐྱེས་སྐར་ནམ་ཡིན་ཆ་མ་འཚལ། སྨན་ཁང་གི་སྐྱེས་སྐར་དཔང་ཡིག་ཏུ་ཟླ6ཚེས5ཉིན་ཡིན་པ་དང་། ཁྱིམ་ཐོའི་ངོས་སུ་ཟླ6ཚེས4ཉིན་ཡིན། དེ་ལྟར་མཚོ་མོའི་སྐྱེས་སྐར་གསལ་པོ་མ་ཤེས་ཚེ་གང་ཞིག་གཞིར་གཟུང་དགོས་སམ།
བཅའ་ཁྲིམས་དབྱེ་ཞིབ།
མཚོ་མོའི་སྐྱེས་སྐར་ཁྱིམ་ཐོའི་ངོས་ཀྱི་ཚེས་གྲངས་གཞིར་གཟུང་དགོས། རང་རྒྱལ་གྱི་འབྲེལ་ཡོད་རྩ་ཁྲིམས་ལྟར་ན། སྤྱི་དམངས་ཀྱི་དམངས་དོན་ཐོབ་ཐང་གི་བྱེད་ནུས་སྐྱེས་པའི་ཉིན་ནས་བཟུང་འགོ་བརྩམས་པ་བཀས་བཅད་ཡོད། སྐྱེས་སྐར་གྱི་ཚེས་གྲངས་ཁྱིམ་ཐོ་དཔང་ཡིག་གཞིར་གཟུང་དགོས། ཁྱིམ་ཐོ་དཔང་ཡིག་མེད་ན་སྨན་ཁང་གི་སྐྱེས་སྐར་དཔང་ཡིག་གཞིར་གཟུང་དགོས། སྨན་ཁང་གི་སྐྱེས་སྐར་དཔང་ཡིག་མེད་ཚེ་འབྲེལ་ཡོད་ཀྱི་དཔང་ཡིག་གཞན་པ་གཞིར་གཟུང་དགོས། དེ་ལྟ་བས་ན། ཕྲུ་གུའི་སྐྱེས་སྐར་གྱི་ཚེས་གྲངས་ཁྱིམ་ཐོ་དཔང་ཡིག་རྩ་བ་གཟུང་དགོས། གོང་གི་གྱོད་དཔེ་ལས་ཁྱིམ་ཐོ་དཔང་ཡིག་ཏུ་མཚོ་མོའི་སྐྱེས་སྐར་ཟླ6ཚེས4ཉིན་ཡིན་པས། དེ་ནི་མཚོ་མོའི་སྐྱེས་སྐར་ཉིན་མོ་ཡིན།
བཅའ་ཁྲིམས་ཀྱི་ཤེས་བྱ།
《དམངས་ཁྲིམས་ཀུན་ཁྱབ་ཀྱི་བསམ་འཆར》ལེའུ་དང་པོར། སྤྱི་དམངས་ཀྱི་དམངས་དོན་ཐོབ་ཐང་གི་བྱེད་ནུས་སྐྱེས་པའི་ཉིན་ནས་བཟུང་འགོ་བརྩམས་པ་བཀས་བཅད་ཡོད། སྐྱེས་སྐར་གྱི་ཚེས་གྲངས་ཁྱིམ་ཐོ་དཔང་ཡིག་གཞིར་གཟུང་དགོས། ཁྱིམ་ཐོ་དཔང་ཡིག་མེད་ན་སྨན་ཁང་གི་སྐྱེས་སྐར་དཔང་ཡིག་གཞིར་གཟུང་དགོས། སྨན་ཁང་གི་སྐྱེས་སྐར་དཔང་ཡིག་མེད་ཚེ་འབྲེལ་ཡོད་ཀྱི་དཔང་ཡིག་གཞན་པ་གཞིར་གཟུང་དགོས། །
རྩོམ་སྒྲིག་པ། གསང་བདག་རྒྱལ།
ཕྲུ་གུའི་སྐྱེས་སྐར་གསལ་པོ་མ་ཤེས་ཚེ་གང་ཞིག་གཞིར་གཟུང་དགོས་སམ།