ཀྲུང་གོ་བོད་ཀྱི་དྲ་བ།

གནས་ཚུལ་འདི་འདྲའི་འོག་ཏུ་རོགས་སྡེབ་མཁན་གྱིས་ཁང་བ་མུ་མཐུད་དུ་གླ་ཆོག་གམ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།     སྤེལ་དུས། : 2019-11-05
ཡིག་གཟུགས། :ཆུང་། འབྲིང་། ཆེ།

གྱོད་དཔེ།

ཚེ་མགོན་དང་ཁོའི་རོགས་སྡེབ་མཁན་ཀུན་དགའ་གཉིས་ཀྱིས་མཉམ་དུ་ཁང་བ་ཞིག་གླས་ཏེ་ཚོང་ལས་གཉེར་ཞིང་། ཁང་བའི་གན་རྒྱ་ནི་ད་རག་བར་དུ་རོགས་སྡེབ་མཁན་ཀུན་དགའ་དང་ཁང་བདག་གཉིས་ཀས་ཁ་ཆད་བྱད་ནས་བཞག་པ་ཡིན། ཉིན་ཁ་ཤས་ཀྱི་སྔོན་དུ། རོགས་སྡེབ་མཁན་ཀུན་དགར་གློ་བུར་དུ་འགྲིམ་འགྲུལ་དོན་རྐྱེན་ཞིག་བྱུང་ནས་ཚེ་ལས་འདས་སོང་། ད་ལྟ་སྔོན་དུ་བཞག་ཡོད་པའི་གན་རྒྱ་མཚམས་འཇོག་དགོས་པ་དང་གནས་སྤོར་དགོས་པའི་རེ་བ་བཏོན་པར་མ་ཟད། ཚེ་མགོན་ལ་གན་རྒྱའི་ཐོག་ཏུ་ཁྱོད་ཀྱི་མིང་བཀོད་མེད་པས་ཁང་བ་གླ་མཁན་དེ་ཁྱོད་མ་རེད་ཟེར། དེས་ན་གནས་ཚུལ་འདི་འདྲའི་འོག་ཏུ་ཚེ་མགོན་གྱིས་མུ་མཐུད་དུ་གན་རྒྱ་བཞག་སྟེ་ཁང་བ་གླ་ཆོག་གམ།

ཕྲན་དཔྱད།

ཁང་བ་གླ་མཁན་གྱིས་ཁང་བ་གླ་སྐབས་མི་སྒེར་གྱི་རོགས་སྡེབ་བྱེད་ཐབས་བརྒྱུད་དེ་ཚོང་གཉེར་བྱ་འགུལ་སྤེལ་དགོས་པ་དང་། ཁང་བ་གླ་མཁན་ཁང་བ་གླ་ཡོད་པའི་སྐབས་སུ་ཚེ་ལས་འདས་ཚེ། རོགས་སྡེབ་མཁན་གཞན་པ་དང་དེས་ཁང་བ་བདག་ལ་སྔོན་དུ་བཞག་ཡོད་པའི་གན་རྒྱ་ལྟར་ཁང་བའི་གན་རྒྱ་གཞན་དགོས་པའི་རེ་བ་འདོན་ཆོག  ཚེ་མགོན་དང་ཀུན་དགའ་གཉིས་ཀར་རོགས་སྡེབ་གྲོས་མོལ་ཡི་གེ་མེད་མོད། འོན་ཀྱང་གཞན་ངོས་སྟེང་དུ་རོགས་སྡེབ་ཀྱི་ཆ་རྐྱེན་གཞན་དག་ཚང་འདུག་སྟེ། ཐུན་མོང་སྒོས་མ་དངུལ་འཇོག་པ་དང་། ངལ་རྩོལ་ལ་ཞུགས་པ། ཚོང་གཉེར་ཉེན་ཁ་ཡོད་ཚེ་མཉམ་དུ་འཁུར་བ། ཁེ་ཕན་བགོ་བཤའ་རྒྱག་པ་བཅས་ལས་དོན་དངོས་སྟེང་དུ་རོགས་སྡེབ་ཀྱི་འབྲེལ་བ་གྲུབ་ཚར་བ་རེད། ཚེ་མགོན་གྱིས་ཁང་བདག་ལ་གན་རྒྱ་མུ་མཐུད་དུ་ལག་ཏུ་བསྟར་དགོས་པའི་རེ་བ་གདོན་ཆོག

རྩོམ་སྒྲིག་པ། : ཀླུ་མོ་མཚོ།