དཔྱངས་གློག་མར་ལྷུང་ནས་རྨས་སྐྱོན་བཟོས་ཚེ་དམངས་དོན་འགན་འཁྲི་སུས་འཁུར་དགོས།

གྱོད་དཔེ།

དཔལ་ལྡན་གྲོང་ཁྱེར་ཆེ་གེ་མོ་ཞིག་ལ་གཞུང་གི་བྱ་བ་བསྒྲུབ་ཏུ་ཕྱིན། ཁོ་ཡུག་དེར་འབྱོར་མ་ཐག་སྣེ་ལེན་ཁང་ཞིག་ཏུ་ཞག་སྡོད་བྱས། དགོང་མོར་ཁང་བའི་ནང་གཉིད་དུ་ཡུར་དུས། ཁང་ཀླད་དུ་བཏགས་པའི་དཔྱངས་གློག་མར་ལྷུང་སྟེ་ལུས་ལ་ཕོག་པས་རྨ་ཁ་ཆེན་པོ་བཟོས་ཤིང་། དཔལ་ལྡན་སྨན་ཁང་དུ་སྨན་བཅོས་བྱས་པའི་སྨན་རིན་ལ་སྒོར2093ལྷག་ཤོར། དེའི་རྗེས་དཔལ་ལྡན་གྱིས་སྣེ་ལེན་ཁང་ལ་སྐྱིན་ཚབ་གཞལ་རྒྱུའི་རེ་ཞུ་ཞུས་ཀྱང་སྣེ་ལེན་ཁང་གི་མགོ་བས་དཔྱངས་གློག་དེ་མཛེས་བཟོ་ཁང་ཆེ་གེ་མོ་ཞིག་གིས་བཏགས་པས། དེས་བསླངས་པའི་ཆག་སྒོ་ཚང་མ་ངའི་སྣེ་ལེན་ཁང་ལ་འབྲེལ་བ་སྤུ་ཙམ་ཡང་མེད་ཚུལ་བཤད་པས། དཔལ་ལྡན་ཅི་བྱ་གཏོལ་མེད་དུ་གྱུར་ཏེ་མཛེས་བཟོ་ཁང་གིས་དཔྱངས་གློག་དེ་ལོ་མང་འགོར་བས་གཅུ་གཟེར་ཟད་དེ་ཆད་པར་ཁ་གཡར་ཏེ་སྐྱིན་ཚབ་མ་འཇལ། སྣེ་ལེན་ཁང་དང་མཛེས་བཟོ་ཁང་གཉིས་ཀྱིས་རང་རང་ས་ནས་རང་ལུགས་བཟུང་སྟེ་འགན་མ་འཁུར་བས་དཔལ་ལྡན་གྱིས་མི་དམངས་ཁྲིམས་ཁང་དུ་ཞུ་གཏུག་བྱས།

ཕྲན་དཔྱད།

གྱོད་དོན་འདི་ནི་དམིགས་གསལ་གྱི་ཁེ་དབང་ལ་གནོད་འཚེ་བཏང་བའི་དམངས་དོན་གྱོད་གཞི་ཞིག་རེད། རང་རྒྱལ་གྱི《དམངས་ཁྲིམས་སྤྱི་སྲོལ》གྱི་དོན་ཚན126པའི་གཏན་ཁེལ་ལྟར་ན། “རང་ཉིད་ལ་ནོར་འཁྲུལ་མེད་པ་བདེན་དཔང་བྱ་ཐུབ་པ་ལས་གཞན། འཛུགས་སྐྲུན་དངོས་རྫས་སམ་དེ་མིན་སྒྲིག་ཆས་གཞན་པ་དང་། འཛུགས་སྐྲུན་དངོས་རྫས་སྟེང་གི་བསྒྲིགས་རྫས་སམ་དཔྱངས་དངོས་རྣམས་ཞིག་གོག་ལྷུང་གསུམ་བྱུང་ནས་མི་གཞན་པར་གནོད་སྐྱོད་བཟོས་ཚེ།དེ་དག་བདག་འཛིན་བྱེད་མཁན་ནམ་ཡང་ན་དོ་དམ་བྱེད་མཁན་གྱིས་དམངས་དོན་འགན་འཁྲི་འཁུར་དགོས”ཞེས་བཀོད་ཡོད། གྱོད་དོན་འདིའི་ནང་གི་འགན་འཁྲིའི་རྩ་དོན་ནི་ནོར་འཛོལ་རྗེས་དཔག་གི་འགན་འཁྲིའི་རྩ་དོན་ཞིག་ཡིན།

གྱོད་དོན་འདིའི་ནང་དུ། སྣེ་ལེན་ཁང་ནི་དཔྱངས་གློག་གི་འགན་འཁུར་མི་དང་དོ་དམ་བྱེད་མི་ཡིན་པས། སྣེ་ལེན་ཁང་གི་དཔྱངས་གློག་མར་ལྷུང་ནས་མི་ལ་གནོད་འཚེ་བཏང་བའི་མཇུག་འབྲས་འདི་ཁང་བ་མཛེས་བཟོ་བྱེད་མཁན་གྱིས་བསླངས་པར་བདེན་དཔང་བྱ་ཐུབ་ཚེ། གྱོད་དོན་འདིའི་དཔང་རྟགས་འདོན་པའི་འགན་འཁྲི་ནི་སྣེ་ལེན་ཁང་ལ་ཡོད་ངེས་ཡིན། ཡིན་ན་ཡང་གནས་ཚུལ་འདི་འདྲ་ཡིན་པའི་དབང་དུ་བཏང་ནའང་། སྣེ་ལེན་ཁང་གིས་སྔོན་དུ་སྐྱིན་ཚབ་གཞལ་འགན་འཁུར་དགོས་ཤིང་། རྗེས་སུ་སྣེ་ལེན་ཁང་གིས་ནོར་འཛོལ་བྱུང་མཁན་ཕྱོགས་ཀྱི་ཁང་བ་མཛེས་བཟོ་ཁང་ལ་སྐྱིན་ཚབ་བདའ་འདེད་བྱ་ཆོག གལ་ཏེ་སྣེ་ལེན་ཁང་གིས་རང་ཉིན་ལ་ནོར་འཛོལ་བྱུང་མེད་པ་བདེན་དཔང་བྱ་མ་ཐུབ་ཚེ། དཔལ་ལྡན་ལ་གྱོང་གུད་བཟོས་པའི་སྐྱིན་ཚབ་གཞལ་འགན་འཁུར་དགོས། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།