ཀྲུང་གོ་བོད་ཀྱི་དྲ་བ།

རྐུན་མ་བཟུང་རྗེས་གཅར་རྡུང་བྱས་ནས་རྨས་སྐྱོན་བཟོས་ན་ཇི་ལྟར་བྱ་དགོས།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།     སྤེལ་དུས། : 2019-10-31
ཡིག་གཟུགས། :ཆུང་། འབྲིང་། ཆེ།

གྱོད་དཔེ།

རྟ་ཐང་རྫོང་གི་ཀླུ་འབུམ་རང་སྡེ་བའི་པདྨ་ཚང་གི་ལུག་རའི་ཉེ་འདབས་བརྒྱུད་ནས་འགྲོ་སྐབས་ལུག་ར་སྲུང་མཁན་མེད་པ་མཐོང་བས་ལུག་རའི་ནང་དུ་འཛུལ་ནས་ལུག་གཅིག་བརྐུས། ལམ་བར་དུ་ལུག་ར་སྲུང་གི་འོང་བཞིན་པའི་པདྨ་ཕ་བུ་གཉིས་དང་འཕྲད་ཅིང་། ཁོ་ཚང་གི་ལུག་བརྐུས་ནས་འགྲོ་བཞིན་པ་ཤེས་འཕྲལ་ཀླུ་འབུམ་ས་དེ་ག་ནས་བཟུང་བར་མ་ཟད་དཔུང་བ་གཡས་པ་རྡོག་པས་བརྒྱབ་ནས་བཅགས། ཀླུ་འབུམ་གྱིས་ཟླ3ལྷག་ལ་སྨན་བཅོས་བྱས་ཤིང་། སྨན་རིན་སྒོར6000ཙམ་གྱིས་འགྲོ་སོང་བཏང་། ལོ་ཕྱེད་ཀྱི་རྗེས་སུ་ཀླུ་འབུམ་གྱིས་པདྨ་ཕ་བུ་གཉིས་ཀས་ཁོ་ཚང་གིས་མི་དམངས་ཀྱི་དོན་དུ་གནོད་པ་སེལ་ནས་རྐུན་མ་ཉེས་ཆད་བཅད་པ་ཡིན་ཟེར། རྐུན་མ་ལ་གཅར་རྡུང་བྱས་ནས་གནའ་ནས་བཟུང་སྟེ་ལུགས་དང་མཐུན་པས་དེར་ད་དུང་སྒོར་མོའི་སྐྱིན་ཚབ་གཞལ་དགོས་པའི་གནས་ལུགས་ཤིག་གཏན་ནས་ཐོས་མ་མྱོང་ཟེར་ནས་སྐྱིན་ཚབ་མ་གཞལ། འོ་ན། རྐུན་མ་བཟུང་རྗེས་གང་འདོད་དུ་གཅར་རྡུང་བྱ་ཆོག་གམ། ཀླུ་འབུམ་གྱི་སྨན་རིན་ལ་སོགས་པའི་འགྲོ་སོང་དེར་སྐྱིན་ཚབ་ཡོང་དམ།

ཕྲན་དཔྱད།

རང་རྒྱལ་གྱི《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དམངས་ཁྲིམས་སྤྱི་སྲོལ》གྱི་དོན་ཚན5པར། “སྤྱི་དམངས་དང་ཁྲིམས་མི་རྣམས་ཀྱི་ཁྲིམས་མཐུན་དམངས་དོན་ཁེ་དབང་ཅི་ཡོད་བཅའ་ཁྲིམས་ཀྱི་ཐོག་ནས་སྲུང་སྐྱོང་བྱ་རྒྱུ་དང་། རྩ་འཛུགས་དང་སྐྱེ་བོ་སུས་ཀྱང་བཙན་གནོད་གཏང་མི་ཆོག”ཅེ་དང་། དོན་ཚན98པར། “སྤྱི་དམངས་ལ་ལུས་སྲོག་བདེ་ཐང་ཐོབ་དབང་ཡོད”ཅེས་པའི་གཏན་འབེབས་ལྟར་ན། མི་སུ་ཞིག་ཡིན་རུང་ཚང་མར་ཚེ་སྲོག་དང་ལུས་ཕུང་། བདེ་ཐང་བཅས་ཀྱི་ཁེ་དབང་ཡོད་པ་མ་ཟད་མི་ཚང་མ་འདྲ་མཉམ་ཡིན་ཞིང་དེ་ནི་མི་རྣམས་ཀྱི་ཁྲིམས་མཐུན་གྱི་ཁེ་དབང་ཞིག་ཡིན་པའི་ཆ་ནས་རྩ་འཛུགས་དང་སྐྱེ་བོ་སུས་ཀྱང་བན་གནོད་བཏང་མི་ཆོག་པ་རེད། དེ་བཞིན་དུ་གྱོད་དོན་འདིའི་ནང་དུ་ཀླུ་འབུམ་གྱིས་པདྨ་ཚང་གི་ལུག་བརྐུས་ཡོད་རུང་པདྨ་ཕ་བུ་གཉིས་ལ་དེར་གཅར་རྡུང་བྱེད་པའི་དབང་ཆ་མེད་ལ། དེར་ཉེས་ཆད་གཅོད་དབང་དེ་བས་ཀྱང་མེད་པས་ཁོ་ཚོའི་བསམ་ཚུལ་དང་བྱ་སྤྱོད་ཚང་མ་ཁྲིམས་དང་འགལ་ཡོད། བཅའ་ཁྲིམས་ལྟར་ན་རང་རྒྱལ་དུ་རྐུན་མར་ཉེས་ཆད་གཅོད་མཁན་ཁྲིམས་འཛིན་སྡེ་ཁག་ཁོ་ན་ཡིན་པས་དེ་ལལས་གཞན་པའི་རྩ་འཛུགས་གང་དང་སྐྱེ་བོ་སུ་ལའང་ཉེས་ཆད་གཅོད་དབང་མེད།

རང་རྒྱལ་གྱི《དམངས་ཁྲིམས་སྤྱི་སྲོལ》དོན་ཚན119པར། “སྤྱི་དམངས་ཀྱི་ལུས་ཕུང་ལ་གནོད་འཚེ་བཏང་ནས་རྨས་སྐྱོན་བཟོས་ན་སྨན་ཡོན་དང་། ལས་ཆག་དངུལ། དབང་བོོ་སྐྱོན་ཅན་གྱི་འཚོ་རྟེན་རོགས་དངུལ་སོགས་ཀྱི་སྐྱིན་ཚབ་གཞལ་དགོས་པ་དང་། གཤིན་པོ་འཚོ་བཞུགས་སྐབས་གསོ་སྐྱོན་བྱ་དགོས་པའི་མི་རྣམས་ཀྱི་དགོས་ངེས་ཀྱི་འཚོ་རྟེན་ལ་སོགས་པའི་འགྲོ་གྲོན་གཏང་དགོས”ཞེས་གཏན་དུ་ཕབ་ཡོད་པས། གྱོད་དོན་འདིའི་ནང་དུ་པདྨ་ཕ་བུ་གཉིས་ཀྱིས་ཀླུ་འབུམ་གྱི་སྨན་རིན་ལ་སོགས་པའི་འགྲོ་སོང་ལ་སྐྱིན་ཚབ་འོས་འཚམ་ཞིག་གཞལ་དགོས། གྱོད་དོན་འདི་ཀླུ་འབུམ་དང་པདྨ་ཕ་བུ་བར་དུ་གྲོས་འཆམ་འབྱུང་ཐུབ་ན་དེ་ལྟར་བྱ་ཆོག་ལ། གྲོས་འཆམ་མ་བྱུང་ན། ཀླུ་འབུམ་གྱིས་སྡེ་དམངས་ཨུ་ཡོན་ལྷན་ཁང་ལ་གཟུ་འདུམ་བྱས་ནས་ཐག་གཅོད་བྱ་རྒྱུའི་རེ་བ་བཏོན་ཆོག དེ་ལས་ཀྱང་མ་འཆམ་ན། སྤྱི་བདེ་ལས་ཁུངས་ལ་ཐག་གཅོད་བྱ་རྒྱུའི་རེ་འདུན་ཞུས་ཆོག་ཅིང་། ཐད་ཀར་མི་དམངས་ཁྲིམས་ཁང་དུ་དམངས་དོན་གཏུག་བཤེར་བྱས་ཀྱང་ཆོག

རྩོམ་སྒྲིག་པ། : ཀླུ་མོ་མཚོ།