ཀྲུང་གོ་བོད་ཀྱི་དྲ་བ།

ལྷ་འབུམ་གྱིས་ཕ་རྒན་གསོ་སྐྱོང་གི་འགན་འཁུར་དགོས་སམ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།     སྤེལ་དུས། : 2019-10-31
ཡིག་གཟུགས། :ཆུང་། འབྲིང་། ཆེ།

གྱོད་དཔེ།

ལྷ་འབུམ་ནི་དམར་ཡག་རྫོང་གཡང་ལུང་སྡེ་བའི་སྡེ་དམངས་དཀྱུས་མ་ཞིག་ཡིན་ལ། 2010ལོར་ལྷ་འབུམ་གྱི་ཨ་མ་དྲིན་མོ་ཆེ་ཚཆ་ལས་འདས་ཏེ་ཅང་མ་འགོར་བར་ཨ་ཕས་ཟི་ལིང་དུ་ལྷ་འབུམ་དང་ལོ་ཚོད་འདྲ་བའི་རྒྱ་མོ་ཞིག་ཁྲིད་ཡོང་སྟེ་ཁྲིམས་མཐུན་བཟའ་འདུག་བྱས། རྐྱེན་དེའི་དབང་གིས་ལྷ་འབུམ་དང་སྲིང་མོ་གཉིས་ཀྱང་ཨ་ཕའིི་གམ་དུ་འདུག་མ་འདོད་པར་སྲིང་མོ་གནས་ལ་བྱིན་པ་དང་ལྷ་འབུམ་གྱིས་ར་ཡིག་བླངས་ཏེ་ཁྱིམ་ཚང་གི་རྒྱུ་ནོར་གཅིག་ཀྱང་མ་བླངས་པར་ལོགས་སུ་བསྡད། ན་ནིང་གི་དབྱར་ཁའི་ཉིན་ཞིག་ལ་རྒྱ་མོ་དེར་ལག་སྐྱོར་འཁོར་ལོ་ཞིག་གིས་བརྒྱབ་སྟེ་སྐེད་པར་རྨས་སྐྱོན་ཚབས་ཆེན་བཟོས་སོང་། བློ་ཡུལ་ས་འདས་པ་ཞིག་ལ་ཉེ་སྔོན་རྫོང་མི་དམངས་ཁྲིམས་ཁང་གིི་ཡིན་ཟེར་བའི་མི་གཉིས་ཀྱིས་ལྷ་འབུམ་ལ་ཞུ་གཏུག་ཡི་གེ་སྤྲད་བྱུང་ལ། ཞུ་གཏུག་གི་ནང་དོན་གཙོ་བོ་ལྷ་འབུམ་གྱིས་ཨ་ཕ་དང་མ་ཡར་གཉིས་ལ་གསོ་སྐྱོང་དང་ཞབས་ཏོག་བསྒྲུབ་དགོས་པ་དེ་རེད། དེ་ན་ལྷ་འབུམ་ལ་དོན་དངོས་སུ་ཨ་རྒན་དང་མ་ཡར་གཉིས་གསོ་བའི་འགན་འཁྲི་ཡོད་དམ།

ཕྲན་དཔྱད།

རང་རྒྱལ་གྱི«གཉེན་སྒྲིག་བཅའ་ཁྲིམས»ཁྲོད་དུ་ཕ་མས་རང་གི་བུ་ཕྲུག་ལོ་ན18ལ་སོན་རག་བར་དུ་གསོ་སྐྱོང་དང་སློབ་གསོ་མྱང་དུ་འཇུག་དགོས་པ་དང་། ཕ་མ་གཉིས་རྒས་འཁོགས་སུ་གྱུར་ནས་ལས་ཀའི་ནུས་པ་ཤོར་ཚེ་བྱིས་པར་ཕ་མ་སྙོར་སྐྱོང་གི་འོས་འགན་ཡོད་པ་གཏན་ཁེལ་བྱས་ཡོད་ལ། ཡང་ཅིག་བཤད་ན། «ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒན་པའི་ཁེ་ཕན་འགན་སྲུང་བཅའ་ཁྲིམས»ཀྱི་དོན་ཚན18པའི་ཁྲོད་ན། “རྒས་འཁོགས་ཀྱི་གཉེན་སྒྲིག་རང་མོས་ལ་བཅའ་ཁྲིམས་ཀྱིས་སྲུང་སྐྱོང་བྱ་དགོས་པ་དང་། བུ་ཕྲུག་གམ་ཡང་ན་གཉེན་ཚན་གཞན་དག་གིས་རྒས་འཁོགས་ཀྱི་བཟའ་ཚང་ཁ་བྲལ་དང་ཡང་བསྐྱལ་གཉེན་སྒྲིག་བྱེད་པའམ་ཡང་ན་གཉེན་སྒྲིག་བྱས་རྗེས་ཀྱི་འཚོ་བ་བཅས་ལ་ཐེ་གཏོགས་བྱ་མི་ཆོག ཡིན་ན་ཡང་རྒས་འཁོགས་ཀྱི་གཉེན་སྒྲིག་འབྲེལ་བ་འགྱུར་ལྡོག་བྱུང་ཡང་ཞབས་ཏོག་ཞུ་མཁན་གྱི་ཞབས་ཞུའི་འོས་འགན་ནམ་ཡང་འགྱུར་མེད་ཡིན”ཞེས་བསྟན་ཡོད་པས། ལྷ་འབུམ་གྱི་ཨ་ཕས་གཉེན་གསར་སྒྲིག་བྱས་པ་དེས་ཁོ་ཕ་བུ་གཉིས་ཀྱི་འབྲེལ་བ་ཆད་མི་སྲིད་ལ། ལྷག་པར་ད་ལྟ་ལྷ་འབུམ་གྱི་ཕ་རྒན་ལོ་ན་བགྲེས་ཤིང་མ་ཡར་དེ་ལ་རྐྱེན་ངན་གྱིས་གཙེས་ཡོད་པས། ལྷ་འབུམ་གྱིས་ཕ་མ་གཉིས་ལ་ཅིས་ཀྱང་དཔལ་འབྱོར་གྱི་ཐད་ནས་འཚོ་སྐྱོང་དང་། འཚོ་བའི་ཐད་ནས་ལྟ་སྐྱོང་། བསམ་བློའི་ཐད་ནས་སེམས་གསོ་བཅས་བྱ་དགོས་པར་མ་ཟད། རྒན་རྒོན་རྣམ་པ་གཉིས་ཀྱི་དམིགས་བསལ་གྱི་དགོས་མཁོ་ཐམས་ཅད་ལྷ་འབུམ་གྱིས་ངེས་པར་སྐོང་ཐབས་བྱ་དགོས། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།