ཀྲུང་གོ་བོད་ཀྱི་དྲ་བ།

ཅི་ཞིག་ལ་ཚབ་བྱེད་ཤུལ་འཛིན་བྱེད་པ་ཟེར།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།     སྤེལ་དུས། : 2019-10-31
ཡིག་གཟུགས། :ཆུང་། འབྲིང་། ཆེ།

གྱོད་དཔེ།

ལོ་འགའི་སྔོན་ནས་བཟུང་ཆོས་དབྱངས་ཐོགས་མེད་ཀྱིས་རང་ནུས་ཅི་ལྕོགས་ཀྱིས་བོད་ལུགས་ས་གདན་བཟོ་གྲྭ་ཞིག་གཉེར་ཞིང་། ད་ལྟ་ལོ་རེའི་ཡོང་སྒོ་སྒོར་དུང་ཕྱིར་ལ་སོན་པའི་ཁེ་ལས་ཚོགས་པ་ཆེན་པོ་ཞིག་ཏུ་གྱུར་ཡོད། ཆོས་དབྱངས་ཐོགས་མེད་བཟའ་ཟླ་གཉིས་ལ་བུ་འཇམ་དབྱངས་དང་འོད་ཟེར། བུ་མོ་ཀུན་མཚོ་བཅས་གསུམ་ཡོད་དེ། བུ་ཆེ་བ་འཇམ་དབྱངས་ཀྱིས་ཚོགས་པའི་ནང་དུ་ལས་འཛིན་གཞོན་པ་དང་སྤྱི་གཉེར་པའི་འགན་འཁུར་ཡོད། བུ་མོ་ཀུན་མཚོ་ཚོགས་པའི་ནང་དུ་ནོར་སྲིད་གཙོ་གཉེར་པའི་འགན་འཁུར་ཡོད། བུ་ཆུང་བ་འོད་ཟེར2007ལོར་རླངས་འཁོར་ཆག་སྒོ་ཞིག་ལས་ཚེ་ལས་འདས། བུ་ཆུང་བ་འོད་ཟེར་བཟའ་ཟླ་གཉིས་ལ་བུ་མོ་གཉིས་ཡོད་ཅིང་། གཅིག་ནི་སློབ་འབྲིང་གི་སློབ་མ་ཡིན་ལ་ཅིག་ཤོས་སློབ་ཆེན་འགྲིམ་བཞིན་ཡོད། 2010ལོའི་ལོ་མཇུག་ཏུ་སྐུ་ཞབས་ཆོས་དབྱངས་ཐོགས་མེད་ལ་གློ་བར་དུ་ཀླད་ཁྲག་བརྡོལ་ཏེ་ཚེ་ལས་འདས། དེའི་རྗེས་སུ་བུ་ཆེ་བ་འཇམ་དབྱངས་ཀྱིས་ཁེ་ལས་ཚོགས་པ་འདིའི་ལས་འཛིན་ཆེན་མོའི་འགན་འཁུར་པ་དང་ཆོས་དབྱངས་ཐོགས་མེད་ཀྱིས་བཞག་པའི་ཁྱིམ་ཚང་གི་རྒྱུ་ནོར་ཐམས་ཅད་ཤུལ་འཛིན་བྱས། བུ་ཆུང་བ་འོད་ཟེར་གྱི་བཟའ་ཟླ་དང་བུ་མོ་གཉིས་ནས་ཐེངས་དུ་མར་ཁུ་བོ་ལ་སྤོ་བོའི་ཤུལ་འཛིན་ཆ་ཤས་ཤུལ་འཛིན་བྱ་རྒྱུའི་རེ་བ་བཏོན་ཡང་དགག་ལན་སྤྲད་པས་ཁྲིམས་ཁང་ལ་ཞུ་གཏུག་བྱས་ནས་ཞུ་རྒྱུར། རང་གི་ཕ་ལགས་ཀྱིས་སྤོ་བོའི་ཤུལ་དངོས་ལས་ཤུལ་འཛིན་བྱ་འོས་པའི་ཐོབ་སྐལ་དེ་ཤུལ་འཛིན་བྱ་རྒྱུའི་རེ་བ་བཏོན། དེས་ན་འོད་ཟེར་གྱི་བཟའ་ཟླ་དང་བུ་མོ་གཉིས་ལ་སྤོ་བོའི་ཤུལ་དངོས་ཤུལ་འཛིན་བྱེད་དབང་ཡོད་དམ།

ཕྲན་དཔྱད།

གྱོད་དོན་འདིའི་ནང་གི་རྩོད་གཞི་དེ་ཤུལ་འཛིན་བཅའ་ཁྲིམས་ཁྲོད་ཀྱི་ཚབ་ཆེན་ཤུལ་འཛིན་ལྟར་ཐག་གིས་གཅོད་དགོས། རང་རྒྱལ་གྱི་«ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཤུལ་འཛིན་བཅའ་ཁྲིམས»ཀྱི་དོན་ཚན11པར། “ཤུལ་འཛིན་ནོར་བདག་གི་བུ་ཕྲུག་གང་ཞིག་ཤུལ་བཞག་ནོར་བདག་གི་སྔོན་ལ་ཚེ་ལས་འདས་ན། བུ་ཕྲུག་དེིའི་དངོས་རྒྱུད་གཉེན་ཚན་མི་རབས་རྗེས་མའི་ཚབ་བྱས་ནས་ཤུལ་འཛིན་བྱ་རྒྱུ་དང་། ཚབ་བྱེད་ཤུལ་འཛིན་མཁན་གྱིས་སྤྱིར་ན་རང་གི་ཕའམ་མའི་ཤུལ་དངོས་ཤུལ་འཛིན་བྱེད་དབང་དུ་གཏོགས་པའི་ཤུལ་བཞག་རྒྱུ་དངོས་ཀྱི་ཐོབ་སྐལ་ཁོ་ན་ལས་ཤུལ་འཛིན་བྱ་རྒྱུ་མེད”ཅེས་གཏན་ཁེལ་བྱས་ཡོད། ཚབ་བྱེད་ཤུལ་འཛིན་ཞེས་པ་ནི་ཤུལ་བཞག་ནོར་བདག་གི་བུ་ཕྲུག་ཤུལ་བཞག་ནོར་བདག་གི་སྔོན་ལ་ཚེ་ལས་འདས་ཤིང་། ཤུལ་བཞག་ནོར་བདག་ཚེ་ལས་འདས་རྗེས་དེའི་འདས་ཟིན་པའི་བུ་ཕྲུག་གི་དངོས་རྒྱུད་གཉེན་ཚན་ཕྱི་རབས་པ་ཤུལ་འཛིན་ལ་ཞུགས་ཏེ་ཕ་མ་འདས་པོིའི་ཤུལ་འཛིན་བྱ་འོས་པའི་ཐོབ་སྐལ་རྣམས་ཤུལ་འཛིན་བྱེད་པའི་ལམ་ལུགས་ཤིག་ལ་ཟེར། གྱོད་དོན་འདིའི་ནང་དུ་ཤུལ་བཞག་དངོས་འཇོག་མཁན་ཆོས་དབྱངས་ཐོགས་མེད་ཀྱི་ཁྲིམས་བཀོད་ཤུལ་འཛིན་པའི་ནང་གསེས་འོད་ཟེར་ཁོ་བོའི་སྔོན་ལ་ཚེ་ལས་འདས་སོང་བས། ཆོས་དབྱངས་ཐོགས་མེད་ཀྱི་ཤུལ་དངོས་ཚང་མ་བུ་ཆེ་བ་འཇམ་དབྱངས་གཅིག་པུས་བདག་འཛིན་བྱེད་པའི་བྱ་སྤྱོད་དེ་ཁྲིམས་དང་འགལ་ཡོད། དེས་ན་གྱོད་དོན་འདི་ཇི་ལྟར་ཐག་གཅོད་དགོས་ཤེ་ན།

ཆོས་དབྱངས་ཐོགས་མེད་ཚེ་ལས་འདས་རྗེས། ཁོ་ཚང་གི་རྒྱུ་དངོས་ཚང་མ་འབྲེལ་ཡོད་བཅའ་ཁྲིམས་ཀྱི་གཏན་འབེབས་ལྟར་ཁྱིམ་མི་ཡོངས་ལ་བགོ་བཤའ་བརྒྱག་དགོས་ཤིང་། ཆོས་དབྱངས་ཐོགས་མེད་ཀྱི་ཐོབ་སྐལ་རྣམས་ཁོ་བོའི་ཤུལ་འཛིན་ཡིན། ཤུལ་དངོས་དེ་ཁོ་བོའི་ཁྲིམས་བཀོད་ཤུལ་འཛིན་པ་སྟེ། བཟའ་ཟླ་དང་། བུ་ཕྲུག ཕ་མ་སྟེ་རིམ་པ་དང་པོའི་ཤུལ་འཛིན་པས་ཤུལ་འཛིན་བྱ་དགོས། གྱོད་དོན་འདིའི་ནང་དུ་ཆོས་དབྱངས་ཐོགས་མེད་ཀྱི་བུ་འོད་ཟེར་ཁོ་བོའི་སྔོན་ལ་ཚེ་ལས་འདས་ཟིན་པས་ཤུལ་འཛིན་བཅའ་ཁྲིམས་ཀྱི་དོན་ཚན11པའི་གཏན་ཁེལ་ལྟར་ན། འོད་ཟེར་ལ་ཐོབ་པའི་ཤུལ་དངོས་རྣམས་དེའི་བུ་མོ་གཉིས་ཀྱིས་ཕ་ལགས་ཀྱི་ཚབ་ཏུ་ཤུལ་འཛིན་བྱེད་དབང་ཡོད། རྒྱུ་མཚན་ནི་ཚབ་བྱེད་ཤུལ་འཛིན་བྱེད་མཁན་དེ་ངེས་པར་ཤུལ་འཛིན་པ་གང་དེའི་དངོས་རྒྱུད་གཉེན་ཚན་ཕྱི་རབས་པ་ཡིན་དགོས་པས་སོ། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།