ཀྲུང་གོ་བོད་ཀྱི་དྲ་བ།

ཁྱིམ་ཚང་ཐུན་མོང་ལ་དབང་བའི་རྒྱུ་ནོར་ཁྱིམ་བདག་གིས་གང་འདོད་དུ་ཐག་གཅོད་བྱ་ཆོག་གམ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།     སྤེལ་དུས། : 2019-10-30
ཡིག་གཟུགས། :ཆུང་། འབྲིང་། ཆེ།

གྱོད་དཔེ།

འབའ་སྟོད་རྫོང་རྡོ་ར་སྡེ་བའི་ཕ་འབྲུག་ལྷ་དང་མ་ཚེ་སྐྱིད་བཟའ་ཟླ་གཉིས་ལ་བུ་བཞི་དང་བུ་མོ་གཅིག་ཡོད་པ་ཚང་མ་ནར་སོན་ཏེ་གཉེན་བསྒྲིགས་ནས་རང་རང་གི་ཁྱིམ་ཚང་རེ་ཡོད། 1998ལོའི་ཟླ12པར་ཕ་འབྲུག་ལྷའི་ཁྱིམ་ཚང་ཐུན་མོང་གི་འཚོ་བ་རོལ་སྐབས་སུ་གསོག་འཇོག་བྱས་པའི་མ་རྩས་ཕན་བདེ་ལྕགས་རིགས་བསྲེས་མའི་བཟོ་གྲྭ་ཞིག་བཙུགས་ནས་ཁྱིམ་ཚང་གི་རྣམ་པའི་སྒོ་ནས་རང་ཚུགས་སུ་ཁེ་གཉེར་བྱས། 2010ལོའི་ཟླ12པའི་ཚེས་11ཉིན་ཕ་འབྲུག་ལྷའི་རང་གི་བུ་ཆུང་བཀྲ་ཤིས་ལ་བཟོ་གྲྭ་དེ་བརྒྱུད་སྤྲོད་གཏང་རྒྱུའི་གྲོས་འཆམ་བྱུང་སྟེ་བཟོ་གྲྭ་དེའི་མ་རྩ་ཡོངས་རྫོགས་བུ་ཆུང་བ་བཀྲ་ཤིས་ལ་བརྒྱུད་སྤྲོད་བཏང་ནས་བདག་གཉེར་བྱེད་དུ་བཅུག འོ་ན། ཕ་འབྲུག་ལྷའི་ཁྱིམ་ཚང་ཐུན་མོང་ལ་དབང་བའི་རྒྱུ་ནོར་དེ་ཁྱིམ་མི་གཞན་དག་ལ་གྲོས་མོལ་མ་བྱས་པར་ཁོ་རང་ཉིད་ཀྱི་འདོད་པ་ལྟར་གང་འདོད་དུ་ཐག་གཅོད་བྱས་ན་འགྲག་གམ།

ཕྲན་དཔྱད།

རང་རྒྱལ་གྱི《རྒྱུ་དངོས་བདག་དབང་སྐོར་གྱི་བཅའ་ཁྲིམས》ཀྱི་དོན་ཚན93པར། “གཏན་ཚུགས་ནོར་རྫས་སམ་ཉེར་སྤྱོད་ནོར་རྫས་ནི་སྡེ་ཚན་དང་མི་སྒེར་ཡན་ལ་མཉམ་དུ་དབང་དང་ཐུན་མོང་སྒོས་མཉམ་དབང་གཉིས་ཚུད་ཡོད”ཅེས་དང་། དོན་ཚན97པར། “མཉམ་དུ་དབང་བའི་གཏན་ཚུགས་ནོར་རྫས་སམ་ཉེར་སྤྱོད་ནོར་རྫས་ཐག་གཅོད་བྱེད་པ་དང་། དེ་བཞིན་མཉམ་དུ་དབང་བའི་གཏན་ཚུགས་ནོར་རྫས་སམ་ཉེར་སྤྱོད་ནོར་རྫས་ཉམས་གསོ་ཆེན་པོ་བྱས་ན། མཉམ་དུ་དབང་མཁན་བར་ཁ་ཆད་གཞན་དག་བཞག་ཡོད་པ་ཕུད། སྐལ་གྲངས་ཀྱི་གསུམ་ཆའི་གཉིས་ཡན་ཟིན་པའི་སྐལ་གྲངས་ལྟར་མཉམ་དུ་དབང་མཁན་ནས་ཐུན་མོང་དུ་དབང་མཁན་ཡོངས་ཀྱིས་མོས་མཐུན་འཐོབ་དགོས”ཞེས་བཀོད་ཡོད། རང་རྒྱལ་གྱི《དམངས་ཁྲིམས་སྤྱི་སྲོལ》གྱི་དོན་ཚན78པར། “སྤྱི་དམངས་དང་ཁྲིམས་མི་གཉིས་ཡན་གྱིས་རྒྱུ་དངོས་གང་ཞིག་མཉམ་དུ་བདག་གིར་བཟུང་ཆོག མཉམ་དབང་ལ་སྐལ་འབབ་ལྟར་མཉམ་དབང་དང་ཐུན་མོང་སྒོས་མཉམ་དབང་བྱེད་པའི་ཐབས་སུ་དབྱེ། སྐལ་འབབ་ལྟར་མཉམ་དབང་བྱེད་མཁན་གྱིས་རང་ཉིད་ཀྱི་སྐལ་འབབ་ལ་གཞིགས་ཏེ་མཉམ་དབང་རྒྱུ་དངོས་ཀྱི་ཁེ་དབང་ལ་སོ་སོར་ལོངས་སུ་སྤྱོད་པ་དང་འོས་འགན་ཁག་དགོས་ཀྱིས་འཁུར་རྒྱུ། ཐུན་མོང་སྒོས་མཉམ་དབང་བྱེད་མཁན་གྱིས་མཉམ་དབང་བྱས་པའི་རྒྱུ་དངོས་ཀྱི་ཁེ་དབང་ལ་ལོངས་སུ་སྤྱོད་རྒྱུ་དང་འོས་འགན་འཁུར་རྒྱ”ཞེས་བཀོད་ཡོད། གྱོད་དོན་འདིའི་ནང་གི་ཕན་བདེ་ལྕགས་རིགས་བསྲེས་མའི་བཟོ་གྲྭ་དེ་ནི་ཁྱིམ་ཚང་ཐུན་མོང་གི་འཚོ་བ་རོལ་སྐབས་སུ་གསོག་འཇོག་བྱས་པའི་མ་རྩ་བཀོལ་ནས་བཙུགས་པ་ཡིན་པས་ཁྱིམ་ཚང་ཐུན་མོང་གི་རྒྱུ་དངོས་ཡིན། ཞིབ་ཏུ་བཤད་ནས་ཁྱིམ་ཚང་ཐུན་མོང་གི་མཉམ་དབང་རྒྱུ་དངོས་ཡིན། དེ་བས་ཕ་འབྲུག་ལྷས་མཉམ་དབང་པ་གཞན་དག་ལ་གྲོས་མོལ་མ་བྱས་པར་རང་གི་འདོད་པ་ལྟར་མཉམ་དབང་རྒྱུ་དངོས་དེ་སྟེར་འཚོང་བྱེད་པའི་བྱ་སྤྱོད་དེ་ལས་མཉམ་དབང་པ་གཞན་དག་གི་རྒྱུ་དངོས་བདག་དབང་ལ་གནོད་པ་བཏང་ཡོད་ཅིང་། ཁོ་གཅིག་པུ་ལ་མཉམ་དབང་རྒྱུ་དངོས་དེ་ཐག་གཅོད་བྱེད་དབང་མེད།

རང་རྒྱལ་གྱི་སྤྱི་ཚོགས་འཚོ་བའི་ནང་གི་ཐུན་མོང་མཉམ་དབང་གི་རྣམ་པ་ནི། ཁྱོ་ཤུག་བར་གྱི་ཐུན་མོང་རྒྱུ་དངོས་ཀྱི་མཉམ་དབང་དང་། ཁྱིམ་ཚང་ནང་ཁུལ་གྱི་ཐུན་མོང་རྒྱུ་དངོས་ཀྱི་མཉམ་དབང་། མཉམ་དུ་ཤུལ་འཛིན་བྱས་པའི་ཐུན་མོང་རྒྱུ་དངོས་ཀྱི་མཉམ་དབང་བཅས་ཡིན། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།