གྱོད་དཔེ།
དབང་ཕྱུག་ད་ལོར་ལོ16ཡིན་ལ། ལོ13ཅན་གྱི་དབང་མོ་དང་ཁོ་གཉིས་ནི་ཆུང་འགྲོགས་ཡིན། དབྱར་གནང་གི་སྐབས་སུ་དབང་ཕྱུག་གི་ཕ་མ་གཉིས་ཕ་ཡུལ་ལ་སྟོན་ལས་སུ་ཕྱིན་པ་དང་། དབང་ཕྱུག་གིས་ཁོ་གཅིག་པུ་ཡུལ་དུ་ཡོད་པའི་གོ་སྐབས་དེ་བེད་སྤྱད་ནས་དབང་མོ་མགྲོན་དུ་བོས། ཉིན་དེར་ཁོ་གཉིས་ལ་རང་དབང་མེད་པར་ཕན་ཚུན་ཡིད་འཐད་བྱུང་བའི་ཆ་རྐྱེན་འོག་ལུས་འབྲེལ་བྱུང་།རྗེས་ནས་དོན་འདི་དབང་མོའི་ཨ་ཕས་ཤེས་པས་ཁོང་ཁྲོ་རབ་ཏུ་སྐྱེས་ནས་དབང་ཕྱུག་གིས་ཁོའི་བུ་མོ་ལ་བཙན་གཡེམ་བྱས་པས་གཏུག་བཤེར་བྱ་རྒྱུ་ཡིན་ཟེར། འོན་ཀྱང་དབང་ཕྱུག་གི་སེམས་སུ་ཕན་ཚུན་ཡིད་འཐད་བྱུང་ནས་ལུས་འབྲེལ་བྱུང་བ་ཡིན་པས་འདི་ཡང་བཙན་གཡེམ་ཡིན་ནམ་སྙམ་བཞིན་ཡོད། འོ་ན་དབང་ཕྱུག་གི་བསམ་ཚུལ་དེ་འགྲིག་གམ།
ཕྲན་དཔྱད།
གཞན་དང་ལུས་འབྲེལ་བྱུང་བར་ངེས་པར་ཕ་རོལ་པོ་ཡིད་འཐད་བྱུང་དགོས་ལ། དེ་མིན་ཁྲིམས་ལུགས་སྟེང་འགན་འཁྲི་ལྕི་མོ་འཁུར་དགོས། ཡིན་ན་ཡང་ཕ་རོལ་པ་ཡིད་འཐད་འབྱུང་དགོས་པ་གཞི་རྩའི་ཆ་རྐྱེན་ཡིན་དགོས་པ་ལས་ཁྲིམས་ལུགས་སྟེང་འགན་འཁུར་མི་དགོས་པའི་ངེས་པ་མེད། དེར་རང་རྒྱལ་གྱི་ཉེས་ཁྲིམས་ཁྲོད་དུ་ན་ཆུང་བུ་མོར་བཙན་གཡེམ་བྱས་པའི་ཉེས་འགན་ཐག་བཅད་ཡོད་དེ། ཉེས་ཁྲིམས་ཀྱི་དོན་ཚན17པའི་ནང་། “ལོ་ན16ལ་སོན་ཡོད་པའི་སྐྱེ་བོས་ནག་ཉེས་བཟོས་ཚེ་ཉེས་འགན་འཁུར་དགོས། ལོ་ན14ལ་སོན་ཡང16ལ་མ་ལོན་པའི་སྐྱེ་བོས་བསམ་བཞིན་དུ་མི་བསད་པ་དང་རྨས་སྐྱོན་ཚབས་ཆེན་བཟོས་པ། བཙན་གཡེམ་དང་འཕྲོག་བཅོམ་བྱས་པ། དུག་འཚོང་བརྒྱབ་པ། མེ་བཏང་བ། འབར་གས་གཏོར་བ། དུག་བཏབ་པ་སོགས་ཀྱི་ནག་ཉེས་བཟོས་ན་ཉེས་འགན་འཁུར་དགོས། ལོ14ལ་སོན་ཡང་ལོ18ལ་མ་སོན་པའི་སྐྱེ་བོས་ནག་ཉེས་བཟོས་ན་ཁྲིམས་ཆད་ཡང་མོ་གཅད་དགོས། ལོ་ན16ལ་མ་སོན་པའི་རྐྱེན་གྱིས་ཉེས་ཆད་མ་ཕོག་པ་ལ་ཁྱིམ་བདག་དང་ལྟ་སྐྱོང་མཁན་གཞན་དག་གི་སློབ་གཅུན་ནན་མོ་བྱ་དགོས། མཁོ་གལ་ཆེ་བའི་སྐབས་སུ་སྲིད་གཞུང་གིས་ཉར་གསོ་སློབ་གཅུན་བྱ་ཆོག” ཅེས་དང་། དོན་ཚན236པ་ལས། “དྲག་ཤུགས་དང་བཙན་ཤུགས་སོགས་ལ་བརྟེན་ནས་བུད་མེད་ལ་བཙན་གཡེམ་བྱས་པར་ལོ3ཡན་ནས་ལོ10མན་གྱི་དུས་བཙོན་དང་། ལོ14ལ་མ་སོན་པའི་བུ་མོར་བཙན་གཡེམ་བྱས་པར་ཁྲིམས་ཆད་ནན་མོ་གཅད་དགོས” ཞེས་དང་། དོན་ཚན6པ་ལས། “ལོ་ན14ལ་སོན་ཡང16ལ་མ་སོན་པའི་བུ་མོ་ལོ་ཆུང་དང་ལུས་འབྲེལ་བྱུང་ན་ཡང་། ནག་ཉེས་བཟོས་པའི་མཇུག་འབྲས་ཚབས་ཆེན་མིན་ཚེ་ནག་ཉེས་བཟོས་པར་གོ་མི་རུང” ཞེས་གཏན་ཁེལ་བྱས་ཡོད། ཁྲིམས་ལུགས་སྟེང་འདི་ལྟར་ཐག་གཅོད་དགོས་དོན་ནི་ལོ་ན་ཆུང་བའི་བུ་མོ་དག་གི་བསམ་བློའི་ཁོ་ལག་རྒྱས་མེད་པས་ཕོ་མོའི་བར་གྱི་འབྲེལ་བར་ཤེས་རྟོགས་ཆེན་པོ་མེད་པས་ན་ཆུང་གི་ལུས་སེམས་ལ་སྲུང་སྐྱོང་བྱ་ཆེད་ཁྲིམས་འདི་གཏན་ལ་ཕབ་པ་རེད། ཟུར་གཞན་ཞིག་ནས་བཤད་ན། དབང་ཕྱུག་དང་དབང་མོ་གཉིས་ཕན་ཚུན་ཡིད་འཐད་བྱུང་ཡོད་པས། དབང་མོ་དང་མོའི་ཨ་ཕ་གཉིས་ཀྱིས་ཞུ་གཏུག་མ་བྱས་ཚེ་ཁྲིམས་ཁང་གིས་དེ་ལ་ཐེ་གཏོགས་མི་བྱ། དབང་ཕྱུག་གིས་སྤོབས་པ་ཆེར་བསྐྱེད་ཀྱིས་དབང་མོའི་ཕ་མ་གཉིས་ལ་དགོངས་དག་ཞུས་ནས་ཁོ་གཉིས་ཀྱིས་གུ་ཡངས་གཏོང་བར་རེ་བ་ཞུ་རྒྱུ་ནི་ཆེས་བཟང་བའི་ཐབས་བཀོད་ཡིན། །