ཀྲུང་གོ་བོད་ཀྱི་དྲ་བ།

གར་སོང་ཆ་མེད་དུ་གྱུར་པའི་མིའི་རྒྱུ་ནོར་ཕ་མས་ཤུལ་འཛིན་བྱ་ཆོག་གམ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།     སྤེལ་དུས། : 2019-10-30
ཡིག་གཟུགས། :ཆུང་། འབྲིང་། ཆེ།

གྱོད་དཔེ།                           

བློ་གྲོས་དང་ལྷ་སྒྲོལ་གཉིས་གཉེན་བསྒྲིགས་རྗེས་རྒྱུན་པར་འཚོ་བའི་ཁྲོད་ཀྱི་དོན་དག་ཉ་ཉོག་གི་ཆེད་དུ་རྩོད་གཞི་བྱུང་། དེར་བརྟེན་བློ་གྲོས་སུན་སྣང་གིས་ཁྱིམ་དང་བྲལ་ཏེ་ཕྱི་རོལ་ཏུ་སོང་ནས་གར་སོང་ཆ་མེད་དུ་གྱུར། དུས་ཡུན་རིང་བོ་ཞིག་ལ་ཁྱིམ་མི་རྣམས་ཀྱིས་ཁོའི་ཕྱོགས་ཀྱི་སྐད་ཆ་ཙམ་ཡང་གོ་མ་ཐུབ། ལོ3གྱི་རྗེས་སུ་ལྷ་སྒྲོལ་གྱིས་མི་དམངས་ཁྲིམས་ཁང་ལ་བློ་གྲོས་བོར་སོང་བ་ཁྱབ་བསྒྲགས་བྱ་དགོས་པའི་རེ་ཞུ་ཕུལ། ཁྲིམས་ཁང་ནས་ཀྱང་བོར་སོང་བའི་བརྡ་ཁྱབ་བཏང་། བློ་གྲོས་ཀྱི་ཕ་མ་གཉིས་ཀྱིས་བློ་གྲོས་ནི་བོར་སོང་བའི་མི་ཡིན་པས་དེའི་རྒྱུ་ནོར་ཁོང་གཉིས་ཀས་ཤུལ་འཛིན་བྱ་འོས་བསམ་ནས་ཁྲིམས་ཁང་ལ་ཤུལ་བཞག་རྒྱུ་དངོས་ཤུལ་འཛིན་བྱ་རྒྱུ་ཡིན་པའི་རེ་བ་བཏོན། འོ་ན་བློ་གྲོས་ཀྱི་ཕ་མ་གཉིས་ཀྱིས་ཁོའི་རྒྱུ་ནོར་ཤུལ་འཛིན་བྱ་རྒྱུར་རེ་བ་འཏོན་པ་དེ་ཁྲིམས་མཐུན་ཡིན་ནམ།

ཕྲན་དཔྱད།                           

རང་རྒྱལ་གྱི«དམངས་ཁྲིམས་སྤྱི་སྲོལ།»གྱི་དོན་ཚན20པར།“སྤྱི་དམངས་སུ་ཞིག་གར་སོང་ཆ་མེད་དུ་སོང་ནས་ལོ༢འགོར་ན་དེ་དང་ཕན་གནོད་ཀྱི་འབྲེལ་བ་ཡོད་མཁན་གྱིས་མི་དམངས་ཁྲིམས་ཁང་ལ་དེ་ཉིད་བོར་སོང་བའི་ཁྱབ་སྒྲོག་གནང་རོགས་ཞུ་ཆོག དམག་འཁྲུག་སྐབས་གར་སོང་ཆ་མེད་དུ་སོང་བའི་དུས་ཚོད་དམག་འཁྲུག་མཇུག་སྒྲིལ་ཉིན་ནས་བརྩི་རྒྱུ”ཞེས་དང་།  དོན་ཚན21པར། “བོར་སོང་བའི་སྐྱེ་བོའི་རྒྱུ་ནོར་རྣམས་བཟའ་ཟླ་དང་། ཕ་མ། ནར་སོན་པའི་བུ་ཕྲུག་བཅས་སམ་ཡང་ན་དེ་དང་འབྲེལ་བ་ཟབ་མོ་ཡོད་པའི་གཉེན་ཚན་དང་གྲོགས་པོ་གཞན་ནས་ཉར་ཚགས་བྱ་རྒྱུ། ཚབ་ཉར་སུས་བྱེད་སྐོར་རྩོད་པ་བྱུང་བ་དང་། གོང་འཁོད་གཏན་འབེབས་ནང་གསལ་གྱི་སྐྱེ་བོ་མེད་པའམ་ཡང་ན་གོང་འཁོད་གཏན་འབེབས་ནང་གསལ་གྱི་སྐྱེ་བོ་ལ་ཚབ་ཉར་བྱེད་ནུས་མེད་ན་མི་དམངས་ཁྲིམས་ཁང་གིས་ཚབ་ཉར་བྱེད་མཁན་དམིགས་འཛུགས་བྱ་རྒྱུ། བོར་སོང་བའི་སྐྱེ་བོས་ཁྲལ་དངུལ་དང་བུ་ལོན་གཞལ་དགོས་རིགས་དང་གྲོན་དངུལ་གཞན་དག་གཏང་དགོས་རིགས་རྣམས་རྒྱུ་དངོས་ཚབ་ཉར་བྱེད་མཁན་གྱིས་དེའི་ཤུལ་བཞག་རྒྱུ་དངོས་ཀྱི་ཁོངས་ནས་གཏང་དགོས།”ཞེས་གཏན་འབེབས་བྱས་ཡོད།

རང་རྒྱལ་གྱི་དམངས་དོན་བཅའ་ཁྲིམས་ལྟར་ན། སྤྱི་དམངས་བོར་བ་ཁྱབ་སྒྲོག་ཅེས་པ་ནི་སྤྱི་དམངས་རང་ཉིད་ཀྱི་སྡོད་གནས་སུ་ཕྱི་ལ་སོང་རྗེས་གར་སོང་ཆ་མེད་དུ་གྱུར་པ་དང་། ཁྲིམས་བཀོད་ཀྱི་དུས་ཆད་ནང་ལྟར་སྔར་བཞིན་སྐད་ཆ་གང་ཡང་མ་གོ་ཚེ་ཕན་གནོད་གྱི་འབྲེལ་བ་ཡོད་མཁན་གྱིས་རེ་ཞུ་བྱས་པ་བརྒྱུད་ཁྲིམས་ཁང་དུ་སྤྱི་དམངས་གང་དེ་བོར་སོང་བའི་མི་རུ་ཁྱབ་སྒྲོག་བྱས་པ་ལ་ཟེར། བོར་སོང་བའི་མིའི་རྒྱུ་ནོར་ནི་ཁོའི་བཟའ་ཟླའམ་ཕ་མ། ནར་སོན་པའི་བུ་ཕྲུག་གམ་འབྲེལ་བ་དམ་ཟབ་ཡིན་པའི་གཉེན་ཚན་དང་གྲོགས་པོས་ཚབ་བྱས་ཏེ་བདག་གཉེར་བྱ་དགོས། མཉམ་འཇོག་བྱ་དགོས་པ་ཞིག་ལ། སྤྱི་དམངས་བོར་སོང་བའི་མི་རུ་ཁྱབ་སྒྲོག་བྱས་རྗེས་དེའི་དམངས་དོན་ཁེ་དབང་གི་ནུས་པ་རྐྱེན་དེའི་དབང་གིས་ཡལ་མེད་པ་ཡིན། བོར་སོང་བའི་མི་དང་འབྲེལ་བའི་དམངས་དོན་བཅའ་ཁྲིམས་ཀྱི་འབྲེལ་བ། དཔེར་ན་གཉེན་སྒྲིག་གི་འབྲེལ་བ་དང་གསོ་སྐྱོང་གི་འབྲེལ་བ་སོགས་འགྱུར་ལྡོག་བྱུང་མེད་ལ། བོར་བ་ཁྱབ་བསྒྲགས་བྱེད་པ་དང་ཚེ་ལས་འདས་པར་ཁྱབ་སྒྲོག་བྱེད་པ་གཉིས་ཀྱི་ཁྱད་པར་ཆེས་ཆེ་བ་དེའམ་འདི་ན་ཡོད། དེར་བརྟེན། ཚེ་ལས་འདས་པ་ཁྱབ་བསྒྲགས་བྱས་ན་ཤུལ་འཛིན་བྱེད་མགོ་ཚུགས་ན་ཆོག་ལ། བོར་སོང་བར་ཁྱབ་བསྒྲགས་བྱས་ན་ཤུལ་འཛིན་བྱ་མི་ཆོག  བློ་གྲོས་ཀྱི་ཕ་མས་བློ་གྲོས་བོར་སོང་བ་ཁྱབ་བསྒྲགས་བྱས་པ་ཙམ་གྱི་ཆ་རྐྱེན་འོག་ཤུལ་འཛིན་བྱ་རྒྱུའི་རེ་བ་བཏོན་པས་དེར་བཅའ་ཁྲིམས་ཀྱི་ཁུངས་བརྟེན་ས་མེད།  ཁྲིམས་ཁང་གིས་ཁྲིམས་ལྟར་ཁོ་ཚོའི་ཞུ་གཏུག་ལ་དགག་ལན་སྤྲོད་སྲིད་པ་ཡིན། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།