ཁྱིམ་མཚེས་ཚང་གི་ཕྱེ་འཐག་བཟོ་གྲྭའི་འུར་སྒྲས་གནོད་པ་ཐེབས་ན་ཇི་ལྟར་བྱ་དགོས།

གྱོད་དཔེ།

ཚེ་རིང་དང་རྡོ་རྗེ་གཉིས་ནི་འབྲོང་ཡུལ་རྫོང་ས་དམར་སྡེ་བའི་སྡེ་མི་ཡིན།  རྡོ་རྗེ་ཡིས་ཚེ་རིང་ཚང་གི་ཁྱིམ་མཚེས་ན་ཡོད་པའི་ཁང་བ་བོགས་མར་བླངས་ནས2010ལོའི་ཟླ3པར་དེ་རུ་ཕྱེ་འཐག་བཟོ་གྲྭ་ཞིག་བཙུགས། བཟོ་ཁང་གི་ཨར་འདམ་གྱི་རྫ་གཡམ་ཚེ་རིང་ཚང་གི་རྒྱབ་ཕྱོགས་ཀྱི་གྱང་ལ་དམ་པོར་གཏད་ཡོད། ཕྱེ་འཐག་བཟོ་གྲྭས་ཐོན་སྐྱེད་བྱེད་སྐབས། འཕྲུལ་ཆས་ཀྱི་གཡོ་འགུལ་དང་འུར་སྒྲ། ཐལ་རྡུལ་བཅས་ཀྱི་འབག་བཅོག་གིས་ཚེ་རིང་ཚང་གི་རྒྱུན་ལྡན་གྱི་འཚོ་བར་གནོད་པ་སྐྱེལ་བར་མ་ཟད། ཚེ་རིང་ཚང་གི་ལྟག་རྒྱབ་ཀྱི་གྱང་ལ་སེར་ཀ་གས། དེ་བས་ཚེ་རིང་གིས་རྡོ་རྗེ་ལ་འབག་བཙོག་གི་བྱ་སྤྱོད་མཚམས་འཇོག་དགོས་པར་མ་ཟད། ཁོ་བོའི་གྱོང་གུད་ལ་སྐྱིན་ཚབ་གཞལ་དགོས་པའི་རེ་བ་བཏོན།

ཕྲན་དཔྱད།

རང་རྒྱལ་གྱི«དམངས་ཁྲིམས་སྤྱི་སྲོལ»གྱི་དོན་ཚན83པར། “གཏན་ཆགས་རྒྱུ་དངོས་ཀྱིས་ཁྱིམ་མཚེས་ཕྱོགས་སོ་སོའི་ཐོན་སྐྱེད་ལ་ཕན་པ་དང་། འཚོ་བ་སྐྱེལ་སྟངས་སྟབས་བདེ་བ།     མཐུན་འགྲིག་རོགས་རེས་བྱེད་པ།  དྲང་བདེན་ལུགས་མཐུན་བཅས་ཀྱི་བསམ་པ་བཅངས་ནས་ཆུ་གཅོད་པ་དང་།  ཆུ་འབུད་པ། བགྲོད་ལམ་ལས་སྟངས་སོགས་ཀྱི་ཐད་ནས་ཁྱིམ་མཚེས་ཀྱི་འབྲེལ་ལམ་ལེགས་ལམ་དུ་འགོད་དགོས་པ་དང་། ཁྱིམ་མཚེས་ཕྱོགས་གཅིག་ལ་འགལ་རྐྱེན་ནམ་གྱོང་གུད་བཟོས་ཡོད་ན་གནོད་སྐྱེལ་མཚམས་འཇོག་པ་དང་།  འགལ་རྐྱེན་སེལ་ཐབས།   སྐྱིན་ཚབ་འཇལ་སྤྲོད་བཅས་བྱ་དགོས”ཞེས་དང་།  རང་རྒྱལ་གྱི«རྒྱུ་དངོས་བདག་དབང་སྐོར་གྱི་བཅའ་ཁྲིམས»ཀྱི་དོན་ཚན91པར།  “གཏན་ཆགས་རྒྱུ་ནོར་གྱི་བདག་དབང་འཛིན་མཁན་གྱིས་ས་བརྐོ་བ་དང་།   བཟོ་བཀོད་སྐྲུན་པ། སྦུག་ལམ་འདིང་བ་བཅས་དང་དེ་བཞིན་སྒྲིག་ཆས་སྒྲིག་སྦྱོར་སོགས་བྱེད་དུས། ཁྱིམ་མཚེས་ཀྱི་གཏན་ཆགས་རྒྱུ་དངོས་ཀྱི་བདེ་འཇགས་ལ་གནོད་པ་གཏང་མི་ཆོག”ཅེས་པའི་གཏན་འབེབས་ལྟར་ན། གྱོད་དོན་འདིའི་ནང་དུ་རྡོ་རྗེ་ཚང་གི་ཕྱེ་འཐག་བཟོ་གྲྭའི་འུར་སྒྲ་དང་ཐལ་རྡུལ་བཅས་ཀྱིས་ཁྱིམ་མཚེས་ཙེ་རིང་ཚང་གི་རྒྱུན་ལྡན་གྱི་འཚོ་བར་གནོད་པ་སྐྱེལ་བར་མ་ཟད་གྱང་ལའང་སེར་ཀ་གས་ཡོད་པས་ཚེ་རིང་ཚང་ལ་གྱོང་གུད་བཟོས་ཡོད།  དེའི་རྐྱེན་གྱིས་རྡོ་རྗེ་ཡིས་འབག་བཙོག་གི་བྱ་སྤྱོད་དེ་མཚམས་འཇོག་དགོས་པར་མ་ཟད་ཚེ་རིང་ཚང་གི་གྱང་ལ་སེར་ཀ་གས་པའི་གྱོང་གུད་ལ་སྐྱིན་ཚབ་གཞལ་དགོས། རྩོད་གཞི་འདི་ཐོག་མར་ཚེ་རིང་དང་རྡོ་རྗེ་གཉིས་ནས་གྲོས་མོལ་བྱས་ཏེ་ཐག་གཅོད་བྱ་ཆོག་ལ། གྲོས་འཆམ་མ་བྱུང་ན་སྡེ་དམངས་ཨུ་ཡོན་ལྷན་ཁང་ལ་གཟུ་འདུམ་བྱ་རུ་བཅུག་ཆོག གཟུ་འདུམ་བྱེད་མ་ཐུབ་ན། ཚེ་རིང་གིས་མི་དམངས་ཁྲིམས་ཁང་ལ་ཞུ་གཏུག་བྱ་ཆོག

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།