ཀྲུང་གོ་བོད་ཀྱི་དྲ་བ།

བདག་གཉེར་པས་ཞིང་སྨན་གྱི་སྤྱོད་སྒོ་གསལ་བོར་མ་བཤད་པས་མྱུ་གུ་ལ་གནོད་སྐྱོན་ཕོག་ན་ཇི་ལྟར་བྱ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།     སྤེལ་དུས། : 2019-10-29
ཡིག་གཟུགས། :ཆུང་། འབྲིང་། ཆེ།

གྱོད་དཔེ།

བདེ་སྐྱིད་སྒྲོལ་མ་ཚང་ནི་སྡེ་བ་ག་གེ་མོའི་ཆུ་ཀུབ་འདེབས་འཛུགས་བྱེད་པའི་ཁྱིམ་ཚང་ཞིག་ཡིན་ལ། 2009ལོའི་ཟླ1པོ་ནི་ཏག་ཏག་རྨོ་འདེབས་བྱས་ནས་འབུས་ཟིན་པའི་ཆུ་ཀུབ་ཀྱི་མྱུ་གུ་སྤྱིལ་བུའི་ནང་དུ་སྤོར་འཛུགས་བྱེད་པའི་དུས་ཚིགས་ཡིན་པས།  བདེ་སྐྱིད་སྒྲོལ་མ་ཞིང་ལས་ཡོ་བྱད་བརྒྱུད་ཚོང་ཁང་དུ་ཡོང་ནས་ཆུ་ཀུབ་འདེབས་འཛུགས་བྱེད་སའི་ས་ཞིང་གི་གནོད་འབུ་གསོད་པའི་ཞིང་སྨན་ཉོ་བར་གྲ་སྒྲིག་བྱས།  ཁོ་མོ་ཚོང་ཁང་དུ་ཡོང་ནས་ཞིང་སྨན་མཁོ་བའི་གནས་ཚུལ་བཤད་པ་ན།  ཚོང་བདག་གིས་ཞིང་སྨན་འདི་ནི་རིན་གོང་སླ་ལ་བཀོལ་ཡང་བདེ།  ས་ཞིང་མུའུ་རེ་ལ་ཁེ100འདྲེས་སྤྱོར་བྱས་ཚེ་གཡུར་དུ་ཟ་བའི་འབྲས་བུ་ཐོགས་པར་ཐེ་ཚོམ་མེད་ཅེས་བཤད་པར།  ཉོ་མཁན་ཡང་ཡིད་ཆེས་ནས་སྒོར་ལྔ་སྤྲད་དེ་ཉོས་རྗེས་ཞིང་ས་མུའུ་གཅིག་གི་སྟེང་ལ་ཞིང་སྨན་ཁེ300འདྲེས་སྦྱོར་བྱས་ནས་གནོད་འབུ་བསད།  བསམ་ཡུལ་ལས་འདས་པ་ཞིག་ལ།  ཉིན་འགའི་རྗེས་སུ་ཆུ་ཀུབ་ཀྱི་གཞུང་རྟ་ཚང་མར་ཚད་རིམ་མི་འདྲ་བའི་གནོད་སྐྱོན་ཕོག་ནས་རྙིད་པར་གྱུར་སོང་ལ།  ཆུ་ཀུབ་ཀྱི་མྱུ་གུ500ལྷག་སྤྱིལ་བུའི་ནང་དུ་སྤོར་འཛུགས་བྱ་མ་ཐུབ་པས།  ཁོ་མོ་ཁོང་ཁྲོ་ལངས་ནས་འཛད་སྤྱོད་པའི་མཐུན་ཚོགས་ལ་ཞུ་གཏུག་བྱས།  ཡིན་ན་ཡང་།  བརྒྱུད་ཚོང་ཁང་གིས་དག་སེལ་བྱས་ནས་བཤད་རྒྱུར།  ངས་ཞིང་སྨན་ཕྱིར་འཚོང་སྐབས་ཞིང་ས་མུའུ་གཅིག་ལ་ཁེ100འདྲེས་སྦྱོར་བྱ་དགོས་ཚུལ་གསལ་བོར་བཤད་ཡོད་ལ།  ཁོ་མོས་བཀོལ་སྤྱོད་བྱེད་སྟངས་མ་འགྲིག་པ་ཡིན་པ་ལས་ཞིང་སྨན་གྱི་ཐད་ལ་སྐྱོན་ཆ་ཅི་ཡང་མེད་ཟེར།  དེ་ནས་དོན་འདིར་ཞིང་ལས་ལག་རྩལ་མི་སྣས་ཞིབ་དཔྱོད་བྱས་པ་བརྒྱུད་ནས།  སྤྱིར་བཏང་དུ་ཆུ་ཀུབ་ཀྱི་མྱུ་གུར་ཞིང་སྨན་དེ་བཀོལ་སྤྱོད་བྱ་མི་ཆོག་པར་མ་ཟད།  ཆུ་ཀུབ་ཀྱི་མྱུ་གུའི་གནས་གང་ལའང་ཕོག་ཐུག་བྱ་རུ་འཇུག་མི་ཉན་ཚུལ་ཤེས་པས།  འཛད་སྤྱོད་པའི་མཐུན་ཚོགས་ཀྱིས་དོན་རྐྱེན་འདིའི་རྒྱུ་རྐྱེན་གཙོ་བོ་ནི་ཞིང་སྨན་སྤྱོད་སྒོ་མ་འགྲིག་པ་དང་།  ཕལ་བ་ནི་ཞིང་སྨན་འདྲེས་སྦྱོར་གྱི་ཚད་མཐོ་དྲགས་པ་ཡིན་པར་ཐག་བཅད་དེ།  རང་རང་གི་ནོར་འཆུག་ལ་རང་གིས་འགན་འཁུར་དགོས་པ་དང་།  བརྒྱུད་ཚོང་ཁང་གིས་བདེ་སྐྱིད་སྒྲོལ་མའི་ཕྱོགས་ལ་སྒོར1600ཡི་སྐྱིན་ཚབ་འཇལ།

ཕྲན་དཔྱད།

འཛད་སྤྱོད་པར་བཅའ་ཁྲིམས་ལྟར་རང་གི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་བྱེད་ཕྱོགས་སྐོར་གྱི་ཤེས་བྱ་ཐོབ་པའི་ཁེ་དབང་ཡོད།  འདིར་བརྗོད་པའི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་བྱེད་ཕྱོགས་སྐོར་གྱི་ཤེས་བྱ་ཟེར་བ་ནི།  འཛད་སྤྱོད་པ་ལ་ཡང་དག་པའི་འཛད་སྤྱོད་བྱེད་ཕྱོགས་ཀྱི་ཤེས་བྱ་ཐོབ་དབང་དང་ཡང་དག་པའི་འདེམས་སྤྱོད་ཀྱི་ཁེ་དབང་།  ཚོང་རའི་འབྲེལ་ཡོད་གནས་ཚུལ་ཤེས་དབང་ཡོད་པ་བཅས་ལ་ཟེར་བ་ཡིན་ལ།  དེ་ལས་ཚོང་ལས་འབྲེལ་ཡོད་གནས་ཚུལ་ཤེས་དབང་ནི་འཛད་སྤྱོད་གནས་ཚུལ་དངོས་ཤེས་པའི་ཁེ་དབང་ཁྲོད་ཀྱི་ཁེ་དབང་ཞིག་ཡིན།  གྱོད་དཔེ་འདིའི་ནང་དུ།  བདག་གཉེར་པས་བདེ་སྐྱིད་སྒྲོལ་མས་ཞིང་སྨན་དེ་ནི་ཆུ་ཀུབ་འདེབས་འཛུགས་བྱེད་སའི་ས་ཞིང་གི་གནོད་འབུ་གསོད་པར་སྤྱོད་པ་ཤེས་བཞིན་དུ་ཡང་དག་པའི་གནས་ཚུལ་དངོས་མ་བཤད་པ་དེ་ནི།  འཛད་སྤྱོད་པའི་ཚོང་རྫས་ཀྱི་ནུས་པ་དང་སྤྱོད་སྒོ་སོགས་འབྲེལ་ཡོད་ཤེས་བྱ་ལོངས་སུ་སྤྱོད་དབང་ཡོད་པའི་ཁེ་དབང་བཙན་འཕྲོག་བྱས་པའི་བྱ་སྤྱོད་ཅིག་ཡིན་ལ།  དེར་མ་ཟད།  ཁོ་མོའི་ཡང་དག་པའི་འཛད་སྤྱོད་བྱེད་ཕྱོགས་ཀྱི་ཤེས་བྱ་ཐོབ་དབང་དང་ཚོང་རྫས་ཀྱི་གནས་ཚུལ་དངོས་ཤེས་དབང་།  འབྲེལ་ཡོད་ཤེས་བྱ་ཐོབ་དབང་བཅས་བཙན་འཕྲོག་བཏང་བའི་བྱ་སྤྱོད་ཀྱང་ཡིན།  གཞན་ཡང་།  བདེ་སྐྱིད་སྒྲོལ་མས་རང་འདོད་ཀྱིས་ཞིང་སྨན་གྱི་འདྲེས་སྦྱོར་བྱེད་ཚད་ཇེ་མང་དུ་བཏང་བ་དང་རང་ཕྱོགས་ལ་བཏང་བའི་གྱོང་གུད་གྱི་བར་ནའང་རྒྱུ་འབྲས་ཀྱི་འབྲེལ་བ་ངེས་ཅན་ཞིག་གྲུབ་འདུག་ཅིང་།  ཁོ་མོའི་ཕྱོགས་ནའང་ནོར་འཆུག་ཆེན་པོ་ཡོད་པའི་རྐྱེན་གྱིས་བདག་གཉེར་པས་རང་ཉིད་ཀྱིས་ཞིང་སྨན་གྱི་ཡང་དག་པའི་སྤྱོད་སྒོ་གསལ་བརྗོད་མ་བྱས་པའི་ནོར་འཆུག་ལ་འགན་འཁུར་བས་ཆོག

རྩོམ་སྒྲིག་པ། : ཀླུ་མོ་མཚོ།