གྱོད་དཔེ།
ཉེ་ལམ་ང་རང་རང་རྫོང་གི་རིག་གནས་སྲང་ལམ་བརྒྱུད་ནས་ཕྱིར་རང་ཁྱིམ་དུ་ལོག་པའི་སྐབས་དེར། སྲང་ལམ་གྱི་ཕྱོགས་གཉིས་ཀར་ཡོད་པའི་སློབ་གྲྭ་དག་གྲོལ་ནས་སློབ་ཕྲུག་རྣམས་ཕྱིར་རང་ཁྱིམ་དུ་འགྲོ་བར་ཁེལ་འདུག། སྐབས་དེར་གང་ནས་ཡོང་བ་མི་ཤེས་པའི་གསར་བུ་ཞིག་ལམ་འགྲོའི་བྱིས་པ་རྣམས་ཀྱི་ཉེ་སར་བཅར་ནས་སློབ་ཕྲུག་རྣམས་ཀྱི་ལག་གི་རྒྱུ་དངོས་དང་ཁོ་ཚོ་ཞོན་པའི་ལྕགས་རྟར་ལྟ་བཞིན་པ་མཐོང་། དེ་འཕྲལ་མི་དེས་མགྱོགས་མྱུར་ངང་སློབ་ཕྲུག་ཅིག་གི་ལྕགས་རྟར་འཇུས་ཏེ། གདོང་གི་རྣམ་འགྱུར་འཇིགས་འཇིགས་བྱེད་ཞོར་ཁྱོད་ཀྱིས་ལྕགས་རྟ་ང་ལ་བྱིན་ཞེས་འཇིགས་སྐུལ་བྱས་ནས་སློབ་ཕྲུག་དེའི་ལྕགས་རྟ་བཙན་གྱིས་འཕྲོག་སོང་། དེ་མུར་ང་རང་མགྱོགས་མྱུར་ངང་ཁོའི་གམ་དུ་ཐོན་པ་དང་མཉམ་དུ་མི་དེ་གང་མྱུར་སྒོས་ལྕགས་རྟར་ཞོན་ནས་བྲོས། སྐབས་དེར་ང་རང་གཅིག་པུ་ཡིན་པ་དང་དེའི་ཁར་ལག་ཏུ་ཁ་པར་ཡང་བཟུང་མེད་པས་མི་གཞན་ལ་འབྲེལ་གཏུག་ཀྱང་བྱ་མ་ཐུབ། འོ་ན་སློབ་ཕྲུག་གི་རྒྱུ་ནོར་མི་གཞན་གྱིས་བཙན་འཕྲོག་བྱས་ན་ཇི་ལྟར་བྱ།
ཕྲན་དཔྱད།
ནར་མ་སོན་པའི་མིའི་རྒྱུ་ནོར་མི་གཞན་གྱིས་བཙན་ལེན་དང་བཙན་འཕྲོག་བྱས་ན་བཟོད་སྒོམ་བྱེད་པའི་རྣམ་འགྱུར་འཛིན་མི་རུང་ཞིང་། ཉེན་རྟོག་པ་ལ་ཡར་ཞུ་བྱས་ན་འཁོན་ལན་སློག་ཡོང་བར་དེ་བས་ཀྱང་སྐྲག་མི་རུང་། དེར་མ་ཟད་རང་ཉིད་ཀྱིས་དྲག་ཤུགས་ཀྱི་བྱ་སྤྱོད་བཀོལ་མི་རུང་། རྒྱུ་མཚན་ནི་ཁྱོད་རང་ཉིད་ཀྱང་དེའི་རྐྱེན་གྱིས་ཁྲིམས་དང་འགལ་སྲིད་པས་ཡིན། འོ་ན་ཇི་ལྟར་བྱ་དགོས་ཤེ་ན། ནར་མ་སོན་པའི་མིའི་རྒྱུ་ནོར་བཙན་ལེན་དང་བཙན་འཕྲོག་བྱེད་མཁན་དེ་ལ་ལན་ལྡོག་པའི་ཐབས་མཆོག་ཅིག་ཡོད་པ་ནི། ཉེན་རྟོག་པར་ཞུ་གཏུག་བྱས་ཏེ། སྤྱི་བདེ་ལས་ཁུངས་ཀྱི་རོགས་རམ་ལ་བརྟེན་ནས་མི་དེ་ཁྲིམས་འོག་ཏུ་འཇུག་རྒྱུ་དེ་ཡིན། །
རྩོམ་སྒྲིག་པ། ཀླུ་མོ་མཚོ།
ནར་མ་སོན་པའི་སྐྱེ་བོའི་རྒྱུ་ནོར་མི་གཞན་གྱིས་བཙན་འཕྲོག་བྱས་ན་ཇི་ལྟར་བྱ།