ཀྲུང་གོ་བོད་ཀྱི་དྲ་བ།

དགེ་རྒན་གྱིས་གཞུང་བཞེས་བྱས་པའི་དངོས་པོ་ཕྱིར་སློག་དགོས་སམ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།     སྤེལ་དུས། : 2019-10-29
ཡིག་གཟུགས། :ཆུང་། འབྲིང་། ཆེ།

གྱོད་དཔེ།

ང་ཚོའི་འཛིན་བདག་ལགས་ཀྱིས་ང་ཚོའི་འཛིན་གྲྭའི་སློབ་གྲོགས་སུ་དང་སུ་ཡིན་རུང་སློབ་ཁྲིད་ཡོ་བྱད་ལས་གཞན་ལག་འཁྱེར་ཁ་པར་དང་གློག་རྡུལ་ཚིག་མཛོད་སོགས་བཀོལ་སྤྱོད་བྱ་མི་ཆོག་པ་དང་།  གལ་ཏེ་དེ་འདྲའི་དངོས་པོ་བཟུང་ཡོད་མཁན་ཤེས་སོང་ན་དངོས་པོ་གཞུང་བཞེས་དང་སློབ་སྐབས་མཇུག་སྒྲིལ་སྐབས་མ་གཏོགས་ཕྱིར་མི་བསྟེར་ཞེས་སྒྲིག་ལམ་བཙུགས་རྗེས་སུ་སློབ་གྲོགས་སྒྲོལ་མས་གློག་རྡུལ་གླུ་དབྱངས་ཉན་ཆས་སྐེ་ལ་བཏགས་ཡོད་པ་མཐོང་སྟེ་དེ་གཞུང་བཞེས་བྱས།  སློབ་སྐབས་མཇུག་སྒྲིལ་བའི་སྐབས་སུ་སློབ་གྲོགས་སྒྲོལ་མ་འཛིན་བདག་གི་གམ་དུ་སོང་ནས་ཁོ་མོའི་གློག་རྡུལ་གླུ་དབྱངས་ཉན་ཆས་ཕྱིར་སྤྲོད་རྒྱུའི་རེ་བ་ཞུས་ཀྱང་དགེ་རྒན་གྱིས་ཁོ་མོའི་སྐད་ཆ་དེ་དང་ལེན་གཏན་ནས་མ་བྱས།  ཁྱོད་ཀྱིས་བལྟས་ན་འཛིན་བདག་དེའི་བྱ་སྤྱོད་འགྲིག་གམ།  དེ་ནི་ཁྲིམས་མཐུན་ཡིན་ནམ།

ཕྲན་དཔྱད།

རང་རྒྱལ་གྱི«དམངས་ཁྲིམས་སྤྱི་སྲོལ»གྱི་དོན་ཚན75པའི་ཚན་པ2པའི་ནང“སྤྱི་དམངས་ཀྱི་ཁྲིམས་མཐུན་རྒྱུ་ནོར་ལ་བཅའ་ཁྲིམས་ཀྱིས་སྲུང་སྐྱོང་བྱ་ངེས་ཡིན།  རྩ་འཛུགས་དང་མི་སྒེར་སུས་ཀྱང་ཧམ་བཟུང་དང་ངོམ་འཕྲོག་གཏོར་བརླག   ཡང་ན་ཁྲིམས་མཐུན་མིན་པར་སྒོ་རྒྱ་འཐེན་པ་དང་།  ཉར་འཛིན་བྱེད་པ།  བཀག་བཟུང་བྱེད་པ།  གཞུང་བཞེས་བྱེད་པ་བཅས་བྱ་མི་ཆོག”ཅེས་གཏན་ལ་ཕབ་ཡོད།  གློག་རྡུལ་གླུ་དབྱངས་ཉན་ཆས་ནི་མི་སྒེར་གྱི་ཁྲིམས་མཐུན་རྒྱུ་ནོར་ཡིན་པས་དགེ་རྒན་ལ་གཞུང་བཞེས་བྱ་རྒྱུའི་དབང་ཆ་མེད།  རང་རྒྱལ་ལ་མཚོན་ན་སློབ་མའི་རྒྱུ་ནོར་གཞུང་བཞེས་བྱེད་པའི་གནས་ཚུལ་དེ་ཅུང་ཁྱབ་ཆེ་བ་དང་།  ལ་ལ་ཞིག་རྗེས་སོར་སློབ་མར་ཕྱིར་སྤྲོད་ཀྱིན་ཡོད་ལ།  ལ་ལ་ཞིག་གིས་ཕྱིར་མ་བྱིན་པ་རེད།  དེ་དག་ཚང་མ་ནར་མ་སོན་པའི་མིའི་ཁྲིམས་མཐུན་རྒྱུ་ནོར་དབང་ཆར་གནོད་སྐྱེལ་བའི་བྱ་སྤྱོད་རེད།  དགེ་རྒན་གྱིས་སློབ་མར་སློབ་ཁྲིད་བྱེད་སྐབས་སློབ་ཐུན་ལ་འབྲེལ་བ་མེད་པའི་དཔེ་ཆར་ལྟ་རུ་མི་འཇུག་པ་དང་།  རྩེད་ཆས་རྩེ་རུ་མི་འཇུག་པའི་ཆེད་དུ་དཔེ་ཆ་དང་རྩེད་ཆས་སོགས་གནས་སྐབས་ཙམ་ལ་དོ་དམ་བྱ་ཆོག  འོན་ཀྱང་སློབ་ཐུན་གྲོལ་བའམ་ཡང་ན་སློབ་གྲྭ་གྲོལ་སྐབས་ཕྱིར་སློབ་མར་སྤྲོད་དགོས།  གལ་ཏེ་དངོས་པོ་རྩ་ཆེན་ཡིན་ན་ཐད་ཀར་སློབ་མའི་ཕ་མ་གཉིས་ཀྱི་ལག་ཏུ་སྤྲད་ན་འགྲིག་གོ།

རྩོམ་སྒྲིག་པ། : ཀླུ་མོ་མཚོ།