ཀྲུང་གོ་བོད་ཀྱི་དྲ་བ།

གཞན་གྱིས་ལེགས་སྐྱེས་སུ་བྱིན་པའི་དངོས་པོ་ལ་ཆག་སྐྱོན་བྱུང་ན་ཇི་ལྟར་བྱ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།     སྤེལ་དུས། : 2019-10-28
ཡིག་གཟུགས། :ཆུང་། འབྲིང་། ཆེ།

གྱོད་དཔེ།

ཟླ་བ་དང་སྒྲོལ་མ་གཉིས་ནི་ལོ་ཕྱེད་རིང་ལ་མཉམ་འགྲོགས་བྱས་པའི་དགའ་རོགས་ཡིན་ལ།  དགའ་རོགས་དུས་ཆེན་གྱི་ཉིན་མོར་ཟླ་བས་ཁོ་མོར་བཅངས་པའི་ལྷད་མེད་ཀྱི་བརྩེ་དུང་ཟབ་མོ་དེ་མཚོན་ཆེད།  ཆེད་དུ་ཚོང་རར་སོང་ནས་ལག་འཁྱེར་ཁ་པར་ཞིག་ཉོས་ཏེ་སྒྲོལ་མ་ལ་བྱིན།  བསམ་ཡུལ་ལས་འདས་པ་ཞིག་ལ།  ལག་འཁྱེར་ཁ་པར་དེ་བཀོལ་སྤྱོད་བྱས་པའི་ཕྱི་ཉིན་ཁ་པར་ལས་ཕན་ཚུན་ཁ་བརྡ་བྱས་ན་སྒྲ་མི་གསལ་བ་དང་།  བརྡ་རྟགས་སྐབས་རེར་ཡོད་ཀྱང་སྐབས་རེར་ཆད་འགྲོ་བའི་གནད་དོན་བྱུང་།  དེ་ནས་སྒྲོལ་མ་ཚུལ་དེར་དོགས་པ་སྐྱེས་ནས་ཁ་པར་གྱི་རྒྱུ་སྤུས་ཚད་ལེན་ཞིབ་བཤེར་ལྟེ་གནས་སུ་སོང་སྟེ་ལག་འཁྱེར་ཁ་པར་དེ་ལ་ཞིབ་དཔྱད་བྱེད་དུ་བཅུག  ཞིབ་དཔྱད་ཀྱི་མཇུག་འབྲས་ལྟར་ན།  ལག་འཁྱེར་ཁ་པར་དེའི་གནད་དོན་གང་ཡིན་པ་ཤེས་གསལ་བྱུང་བས།  སྒྲོལ་མས་ཚོང་རའི་ཕྱོགས་ལ་འབྲེལ་གཏུག་བྱས་ཏེ་ཚོང་རྫས་ཕྱིར་སློག་དང་དེ་མིན་འབྲེལ་ཡོད་ཞིབ་དཔྱད་ཚད་ལེན་ཐད་བཏང་བའི་གྲོན་དངུལ་གཞལ་དགོས་པའི་རེ་བ་ཞུས།  ཡིན་ན་ཡང་ཚོང་རའི་བསམ་པར།  ཁོ་མོ་ནི་མི་གཞན་གྱིས་བྱིན་པའི་དངོས་པོ་དང་ལེན་བྱེད་མཁན་ཡིན་པ་ལས།  ཐད་ཀར་ཚོང་ར་ནས་ལག་འཁྱེར་ཁ་པར་ཉོ་མཁན་མིན་ལ།  ཚོང་རས་ཁོ་མོའི་ཕྱོགས་ལ་འགན་འཁྲི་གང་ཡང་འཁུར་མི་དགོས་པར་འདོད།  དེ་ལྟར་ན་གྱོད་འདི་ཇི་ལྟར་ཐག་གཅོད་བྱས་ན་བཟང་།

ཕྲན་དཔྱད།

གྱོད་དཔེ་འདི་ནི་འཛད་སྤྱོད་མཁན་གྱི་མཚན་ཉིད་ལ་གོ་བ་ལེན་སྟངས་ཐད་ཀྱི་འབྲེལ་ཡོད་གནད་དོན་ཞིག་རེད།  ང་ཚོས་འཛད་སྤྱོད་མཁན་ནི་ཐད་ཀར་ཚོང་ར་ནས་ཚོང་རྫས་ཉོ་མཁན་དང་བཀོལ་སྤྱོད་བྱེད་མཁན།  ཞབས་ཞུ་དང་ལེན་བྱེད་མཁན་ཙམ་ལ་གོ་བ་བླངས་ན་ཁྱབ་ཆུང་འདུག  རང་ཉིད་ཀྱི་འཚོ་བའི་དགོས་མཁོའི་ཆེད་དུ་ཚོང་རྫས་ཉོས་པ་ནི་འཛད་སྤྱོད་མཁན་ཡིན་ངེས་ལ།  དེ་མིན་གཞན་གྱིས་བྱིན་པའི་དངོས་རྫས་དང་ལེན་བྱེད་མཁན་དང་མི་གཞན་གྱི་གདན་ཞུ་དང་ལེན་བྱེད་མཁན།  མི་གཞན་དང་མཉམ་དུ་ཚོང་རྫས་དང་ཞབས་ཞུ་ལ་མཉམ་རོལ་བྱེད་མཁན།  ཚབ་བཅོལ་གྱི་མི་གཞན་པ།  མི་གཞན་པ་དམིགས་བཙུགས་ཀྱིས་ཚོང་རྫས་ཚབ་ཉོ་བྱེད་མཁན་སོགས་ཀྱང་འཛད་སྤྱོད་པའི་ཁོངས་སུ་གཏོགས།  དེ་བས་གྱོད་དཔེ་འདིའི་ནང་དུ་ཟླ་བ་ནི་འཛད་སྤྱོད་པ་ཡིན་པར་དོགས་པ་མེད་ལ།  ཁོས་ལག་འཁྱེར་ཁ་པར་ཉོས་པ་ནི་སྒྲོལ་མ་ལ་བཀོལ་སྤྱོད་བྱེད་དུ་འཇུག་ཆེད་ཡིན་པས།  ལག་འཁྱེར་ཁ་པར་སྟེར་མཁན་ཟླ་བ་དང་དང་ལེན་བྱེད་མཁན་སྒྲོལ་མ་གཉིས་ཀ་ཡང་འཛད་སྤྱོད་པའི་གྲས་སུ་གཏོགས་པ་ཡིན།  གལ་ཏེ་ལག་འཁྱེར་ཁ་པར་གྱི་རྒྱུ་སྤུས་ཐད་ལ་གནད་དོན་ཡོད་ན།  སྒྲོལ་མས་ཚོང་རའི་ཕྱོགས་ལ་འབྲེལ་ཡོད་བཅའ་ཁྲིམས་ཀྱི་འགན་འཁྲི་འཁུར་དགོས་པའི་རེ་བ་བཏོན་ཆོག་ལ།  ཚོང་རས་ཀྱང་འཛད་སྤྱོད་པས་བཏོན་པའི་རེ་བ་འོས་འཚམ་མིན་པ་སོགས་ལ་ཁ་གཡར་ནས་འགན་འཁྲི་ལས་གཡོལ་མི་ཆོག

«འཛད་སྤྱོད་པའི་ཁེ་དབང་སྲུང་སྐྱོང་བཅའ་ཁྲིམས»ཀྱི་དོན་ཚན2པའི་ནང་དུ།  “འཛད་སྤྱོད་པས་འཚོ་བའི་འཛད་སྤྱོད་ཀྱི་ཆེད་དུ་ཚོང་ཟོག་ཉོ་བའམ་བེད་སྤྱོད་པའམ་ཡང་ན་ཞབས་ཞུ་དང་ལེན་བྱེད་པ་སོགས་ཀྱི་ཁེ་དབང་ལ་བཅའ་ཁྲིམས་འདིས་སྲུང་སྐྱོང་བྱ་རྒྱུ་དང་།  བཅའ་ཁྲིམས་འདིའི་ནང་གཏན་འབེབས་བྱས་མེད་པ་དག་ནི་འབྲེལ་ཡོད་ཀྱི་བཅའ་ཁྲིམས་དང་ཁྲིམས་སྲོལ་གཞན་དག་གིས་སྲུང་སྐྱོང་བྱ་རྒྱུ”ཞེས་གཏན་ཁེལ་གསལ་བོ་བྱས་ཡོད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།