རྒྱལ་ཁབ་ཀྱི་ལས་དོན་མི་སྣར་བརྫུས་ནས་གཞན་ལ་མགོ་སྐོར་བཏང་ན་ཁྲིམས་ཆད་ག་འདྲ་འཕོག

གྱོད་དཔེ།

དབང་རྒྱལ་ནི་རྒྱལ་གཉེར་གླུ་གར་ཁང་ཞིག་གི་འཁྲབ་སྟོན་པ་ཡིན་ལ།  ཁོ་དུས་རྒྱུན་ཤོ་རྒྱག་རྒྱུར་དགའ་བ་དང་ལེ་ལོ་སྡིག་པོའི་གྲོགས་ལ་བསྟེན་ནས་ལས་ཁུངས་ཀྱི་སྒྲིག་ལམ་མི་བརྩི་བས།  ལས་ཁུངས་ཀྱིས་ཁོ་ལས་བཟོ་པའི་གྲས་ལས་ཕུད།  དེ་ནས་ཁོ་ལ་གཏན་འཇགས་ཀྱི་དཔལ་འབྱོར་ཡོང་སྒོ་མེད་པས།  ཁོ་གཞི་རིམ་དུ་སོང་ནས་གླུ་གར་ཁང་དེའི་ལས་བཟོ་པར་ཁ་གཡར་ནས་ཞིང་གྲོང་གི་བུད་མེད་བསྡུས་ནས་དེ་ཚོའི་ལག་ནས་མིང་ཐོ་འགོད་གླ་དང་གཞན་པའི་ལྐོག་དངུལ་བླངས་པར་མ་ཟད།  ད་དུང་བུད་མེད་ཅུང་མཛེས་པ་བཀྲ་ཤིས་མཚོ་མོ་བརྙན་འཕྲིན་ཟློས་གར་ཞིག་གི་འཁྲབ་སྟོན་པར་གདམ་རྒྱུ་ཡིན་པ་སོགས་ལ་ཁ་ཡག་ངོ་དགའ་བྱས་ནས་མགྲོན་ཁང་དང་སྤྱི་གླིང་སོགས་ལ་ཁྲིད་དེ་ཕོ་མོའི་འབྲེལ་བ་བྱུང་དུ་བཅུག

ཕྲན་དཔྱད།

རྒྱལ་ཁབ་ཀྱི་ལས་དོན་མི་སྣར་བརྫུས་ཏེ་གཞན་ལ་མགོ་བསྐོར་བཏང་བའི་ནག་ཉེས་ཞེས་པ་ནི་ཁྲིམས་འགལ་གྱིས་ཁེ་ཕན་འཐོབ་ཆེད་རྒྱལ་ཁབ་ཀྱི་ལས་དོན་མི་སྣ་མིན་ཡང་ཡིན་ཁུལ་བྱས་ནས་གཞན་ལ་མགོ་བསྐོར་གཏོང་བའི་བྱ་སྤྱོད་ལ་ཟེར།  དེ་ལ་ཁྱད་ཆོས་འགའ་ཡོད་དེ།  རྒྱལ་ཁབ་ཀྱི་ལས་དོན་ལས་བྱེད་པ་མ་ཡིན་པའི་ཞིང་པ་བཟོ་པ།  བྲོས་བྱོལ་ཉེས་ཅན་སོགས་ཀྱིས་རྒྱལ་ཁབ་ཀྱི་ལས་དོན་མི་སྣའི་ཐོབ་ཐང་དང་གོ་གནས།  མཚན་སྙན་བཅས་ཡོད་ཁུལ་བྱས་ཏེ་བསམ་མ་ཤེས་པའི་བྱིས་པ་དང་སྤྱི་ཚོགས་ཀྱི་ཉམས་མྱོང་མེད་པའི་མི་ལ་མགོ་བསྐོར་གཏོང་བ།  གཉིས་ནི་ལས་དོན་མི་སྣར་བརྫུས་པའི་ཐོབ་ཐང་དང་།  གོ་གནས།  མཚན་སྙན་བཅས་སྤྱད་ནས་འུད་སྒྲོག་གིས་མི་གཞན་གྱི་ཡིད་ཆེས་ཐོབ་ཐབས་བྱས་ཏེ་ཁྲིམས་འགལ་གྱིས་ཁེ་ཕན་རེག་ཐབས་བྱེད་པ་དེ་རེད།  འདིར་གླེང་བའི་ཁྲིམས་འགལ་གྱི་ཁེ་ཕན་ཟེར་བ་ནི་ལྐོག་དངུལ་དང་ལྐོག་ནས་དངོས་པོ་ལེན་པ་ཁོ་ན་མ་ཡིན་པར།  ཆབ་སྲིད་ཀྱི་ཐོབ་ཐང་དང་གོ་གནས།  མཚན་སྙན་གྱི་ཐོབ་ཐང་།  བུད་མེད་ཀྱི་བརྩེ་དུང་བཅས་ཀྱི་རིགས་ཀྱང་ཚུད་ཡོད།

རྒྱལ་ཁབ་ཀྱི་ལས་དོན་མི་སྣར་བརྫུས་ནས་ཧམ་བཤད་མགོ་བསྐོར་གཏོང་བའི་བྱ་སྤྱོད་དེས་རྒྱལ་ཁབ་ལས་ཁུངས་ཀྱི་མཚན་སྙན་བརླག་པ་དང་།  རྒྱུན་ལྡན་གྱི་སྤྱི་ཚོགས་དོ་དམ་སྒྲིག་ལམ་ལ་འགལ་རྐྱེན་བཟོས་པར་མ་ཟད།  རྒྱལ་ཁབ་དང་སྤྱི་དམངས་ཀྱི་ལུགས་མཐུན་ཁེ་དབང་ལའང་གནོད་པ་ཆེན་པོ་བཟོས་ཡོད།  རང་རྒྱལ་གྱི«ཉེས་ཁྲིམས»ཀྱི་དོན་ཚན166པ་ལས།  “རྒྱལ་ཁབ་ཀྱི་ལས་དོན་མི་སྣར་བརྫུས་ནས་ཧམ་བཤད་མགོ་བསྐོར་གཏོང་མཁན་ལ་ལོ3མན་གྱི་དུས་བཀག་བཙོན་འཇུག་དང་ཡང་ན་དུས་ཐུང་ལས་སྐུལ་བཙོན་འཇུག་གི་ཉེས་ཆད་གཅད་རྒྱུ་དང་།  བྱས་ཉེས་ཚབས་ཆེན་ཡིན་ན་ལོ3ཡན་ནས་ལོ10མན་གྱི་དུས་བཀག་བཙོན་འཇུག་གི་ཉེས་ཆད་གཅད་རྒྱུ”ཞེས་གཏན་ཁེལ་བྱས་ཡོད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།