ཀྲུང་གོ་བོད་ཀྱི་དྲ་བ།

སྡེ་བའི་བདེ་འཇགས་ཀྲུའུ་རིན་གྱིས་མི་གཞན་བཀག་སྡོམ་བྱ་ཆོག་གམ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།     སྤེལ་དུས། : 2019-10-28
ཡིག་གཟུགས། :ཆུང་། འབྲིང་། ཆེ།

གྱོད་དཔེ།

ཁང་སྟོང་ཞིག་གི་ནང་ཐག་པས་དམ་དུ་བཀྱིགས་པའི་གཞོན་ནུ་འགའ་ཕན་ཚུན་བསྙེས་ནས་གྲག་འགུལ་མེད་པར་བསྡད་ཡོད།  ཁོ་ཚོའི་མགོ་སྐྲ་གཟེངས་ཤིང་སྟོད་གོས་ཁྲག་གིས་དམར་པོར་བསྒྱུར་འདུག་ལ།  བཀྲེས་སྐོམ་དང་སྟོན་རླུང་ལྡང་བའི་ཁྲོད་དུ་ཁོ་ཚོའི་ལུས་པོ་འཁྱགས་ཏེ་འདར་སིག་སིག་བྱེད་ཀྱིན་ཡོད་པ་རེད།  མ་གཞི་གཞོན་ནུ་དེ་ཚོ་ནི་ཉེ་འདབས་ཀྱི་གྲོང་ཚོའི་ནང་གི་ཞིང་པ་རེད།  ཁོ་ཚོས་གྲོང་ཚོ་དེར་གློག་བརྙན་སྟོན་བཞིན་པ་ཐོས་ནས་དེར་ལྟ་རུ་སོང་བ་དང་།  གློག་བརྙན་ལྟ་སྐབས་སྡེ་བ་དེ་གའི་གསར་བུ་འགའ་དང་འགལ་བ་བྱུང་ནས་ཕན་ཚུན་ལག་འདྲེས་ལ་ཉེ་སྐབས།  གྲོང་ཚོ་དེའི་བདེ་འཇགས་ཀྱི་འགན་ཁུར་ཡོད་པའི་ཀླུ་དབང་གིས་སྡེ་བའི་བདེ་འཇགས་ལ་གནོད་པ་བཟོས་སོང་ཟེར་ནས་ཁོ་ཚོ་བཟུང་སྟེ།  འདྲི་གཅོད་དང་ཉེས་རྡུང་བཏང་རྗེས་སྡེ་བའི་ནང་མཁོ་མེད་དུ་བསྐྱུར་ཡོད་པའི་ཁང་སྟོང་ཞིག་ཏུ་བཅུག་པ་རེད།

ཕྲན་དཔྱད།

གཞོན་ནུ་དེ་ཚོས་གློག་བརྙན་ལ་ལྟ་སྐབས་སྡོད་སའི་དོན་དུ་རྩོད་པ་བརྒྱབ་པ་ནི་ནོར་འཁྲུལ་གྱི་བྱ་སྤྱོད་ཅིག་ཡིན།  ཡིན་ན་ཡང་སྡེ་བའི་བདེ་འཇགས་ཀྲུའུ་རིན་ཀླུ་དབང་གིས་ཁོ་ཚོའི་མི་ལུས་རང་དབང་ལ་ཚོད་འཛིན་བྱས་ཏེ་བཀག་སྡོམ་བྱས་པ་དང་འདྲི་གཅོད་དང་ཉེས་རྡུང་བཏང་བ་ནི་བཅའ་ཁྲིམས་དང་འགལ་བའི་བྱ་སྤྱོད་ཅིག་རེད།  རང་རྒྱལ་གྱི་བཅའ་ཁྲིམས་ནང་མི་དམངས་ཁྲིམས་ཁང་གིས་ཐག་གཅོད་དང་ཡང་ན་མི་དམངས་ཞིབ་དཔྱོད་ཁང་གི་ཆོག་མཆན་ཐོབ་རྗེས་གཞི་ནས་མི་འཛིན་བཟུང་བྱ་ཆོག་པ་དང་།  སྤྱི་བདེ་ལས་ཁུངས་ཀྱིས་ཐག་གཅོད་བྱས་རྗེས་གཞི་ནས་མི་བཀག་ཉར་བྱ་ཆོག་པ་ལས་དེ་མིན་གྱི་ལས་ཁུངས་དང་མི་སྒེར་ག་འདྲ་ཞིག་ཡིན་རུང་མི་བཀག་སྡོམ་དང་ཡང་ན་བཙན་ཤུགས་ཀྱིས་བྱེད་ཐབས་སྤྱད་དེ་མི་གཞན་གྱི་མི་ལུས་རང་དབང་བཙན་འཕྲོག་བྱ་མི་ཆོག་ཅེས་གཏན་ཁེལ་བྱས་ཡོད།  མི་འཛིན་བཟུང་དང་བཀག་སྡོམ་བྱེད་དབང་མེད་པའི་ལས་ཁུངས་དང་མི་སྒེར་གྱིས་མི་བཀག་སྡོམ་བྱེད་པའམ་བཙན་ཤུགས་ཀྱིས་བྱེད་ཐབས་གཞན་དག་སྤྱད་ནས།  གཞན་གྱི་མི་ལུས་རང་དབང་བཙན་འཕྲོག་བྱེད་པ་དེ་ནི་ཁྲིམས་དང་འགལ་ནས་མི་བཀག་སྡོམ་བྱས་པའི་ཉེས་པ་བསགས་པ་རེད། གྲོང་སྡེ་བདེ་སྲུང་ནི་རང་རྒྱལ་གཞི་རིམ་གྱི་སྤྱི་ཚོགས་བདེ་འཇགས་སྲུང་སྐྱོང་བྱེད་མཁན་གྱི་མང་ཚོགས་ཀྱི་རྩ་འཛུགས་ཤིག་ཡིན།  དེས་སྤྱི་བདེ་ལས་ཁུངས་ལ་སྤྱི་ཚོགས་ཀྱི་བདེ་འཇགས་སྲུང་སྐྱོང་བྱ་རྒྱུར་གཞོགས་འདེགས་བྱེད་པའི་ལས་འགན་ཡོད་པ་ཙམ་ལས་རྒྱལ་ཁབ་ཀྱི་སྲིད་འཛིན་ལས་ཁུངས་མིན་ལ་ཁྲིམས་འཛིན་ལས་ཁུངས་དེ་བས་ཀྱང་མིན་པས་མི་འཛིན་བཟུང་དང་བཀག་སྡོམ་བྱེད་པའི་དབང་ཆ་མེད།  གྲོང་ཚོའི་བདེ་འཇགས་ཀྲུའུ་རིན་ཀླུ་དབང་གིས་གཞོན་ནུ་དེ་ཚོར་འདྲི་གཅོད་དང་བཀག་སྡོམ་བྱས་པའི་བྱ་སྤྱོད་ལས་ཁོས་བཀག་སྡོམ་གྱི་ནག་ཉེས་བསགས་ཡོད་པ་རེད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།