ཀྲུང་གོ་བོད་ཀྱི་དྲ་བ།

གཟུངས་སྐྱབས་ཀྱིས་ཇི་ལྟར་བྱ་དགོས།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།     སྤེལ་དུས། : 2019-10-28
ཡིག་གཟུགས། :ཆུང་། འབྲིང་། ཆེ།

གྱོད་དཔེ།

གཟུངས་སྐྱབས་ཀྱིས་གྲོང་ཁྱེར་ག་གེ་མོ་རུ་རི་སྒང་ཞིག་འགན་གཙང་ལེན་བྱེད་པའི་འདུན་པ་སྐྱེས། ཡིན་ན་ཡང་ཁོ་ལ་གྲོང་ཁྱེར་དེ་རུ་ངོ་ཤེས་གཅིག་ཀྱང་མེད་པས། ཁོས་རང་གི་སྔོན་ཆད་གྲོང་ཁྱེར་དེ་རུ་ངོ་ཤེས་པའི་ཀླུ་འབུམ་ལ་མངག་བཅོལ་བྱས་ནས་ཁོ་ལ་རི་སྒང་དེ་འགན་གཙང་ལེན་བྱ་བར་རོགས་བྱེད་དུ་བཅུག  ཀླུ་འབུམ་གྱིས་ཀྱང་བྱ་བ་དེ་དང་ལེན་བྱས་ནས་རི་སྒང་དེ་འགན་གཙང་ལེན་བྱེད་ཐུབ་བྱུང་ལ།  གན་རྒྱའི་སྟེང་ཀླུ་འབུམ་གྱི་མིང་རྟགས་བཀོད་ལ་འགན་ལེན་གྲོན་དངུལ་གཟུངས་སྐྱབས་ཀྱིས་སྟེར་བཞིན་ཡོད།  གན་རྒྱའི་སྟེང་ཀླུ་འབུམ་གྱི་མིང་རྟགས་འགོད་དགོས་པའི་རྒྱུ་མཚན་ནི་ཡུལ་དེའི་མང་ཚོགས་ཀྱིས་རི་སྒང་དེ་ཡུལ་གཞན་གྱི་མི་ལ་འགན་གཙང་ལེན་བྱ་རུ་མ་བཅུག་པས་རེད། གཟུངས་སྐྱབས་ཀྱིས་ད་དུང་མུ་མཐུད་དུ་ས་ཞིང་གཞན་ཞིག་ཀྱང་འགན་གཙང་ལེན་བྱ་འདོད་ཡོད་པས། ཁོས་ཇི་ལྟར་བྱས་ན་ད་གཟོད་ཁྲིམས་མཐུན་སྒོས་ས་ཞིང་གི་རང་བདག་དབང་ཆ་དང་བཀོལ་སྤྱོད་དབང་ཆ་གཉིས་རང་གི་མིང་ཐོག་ཏུ་བསྒྱུར་ཐུབ།  གཟུངས་སྐྱབས་དང་ཀླུ་འབུམ་གཉིས་ཀྱིས་ཡང་བསྐྱར་ས་ཞིང་བརྒྱུད་སྤྲོད་བྱས་ནས་ས་ཞིང་འགན་གཙང་ལེན་བྱ་བའི་གྲོས་མཐུན་ཡི་གེ་ཞིག་བཞག་ན།  ས་ཞིང་གི་འགན་གཙང་ལེན་གྱི་ཁེ་དབང་དེ་གཟུངས་སྐྱབས་ཀྱི་མིང་ཐོག་ཏུ་བསྒྱུར་ཐུབ་བམ།

ཕྲན་དཔྱད།

རྩ་དོན་ལྟར་ན་གན་རྒྱའི་སྟེང་གི་འགན་གཙང་ལེན་མཁན་སུས་མིང་རྟགས་བཀོད་ཡོད་ན་རྗེས་ཕྱོགས་འགན་ལེན་བྱས་པའི་ས་ཞིང་སྟེང་གི་ཡོང་འབབ་དེ་ལ་དབང་།  གོང་གི་འདི་ལྟ་བུའི་འགན་གཙང་ལེན་གྱི་གན་རྒྱ་ལ་ཉེན་ཁ་ཆེན་པོ་འདུག  གལ་ཏེ་འགན་ལེན་བྱས་པའི་ས་ཞིང་སྟེང་ཡོང་འབབ་མི་ཉུང་བ་ཞིག་ལོན་ཚེ་ཀླུ་འབུམ་གྱིས་ས་ཞིང་དེ་རང་ཉིད་ཀྱིས་འགན་གཙང་ལེན་བྱས་པ་ཡིན་པར་བཤད་ན།  སྐབས་དེར་གཟུངས་སྐྱབས་ལ་ས་ཞིང་འགན་གཙང་ལེན་གྱི་གྲོན་དངུལ་འཛིན་བྱང་མ་གཏོགས་ཁུངས་བཙུན་པའི་བདེན་དཔང་གཅིག་ཀྱང་མེད།  ས་རྒོད་འགན་གཙང་ལེན་བྱ་བར་རྒྱལ་ཁབ་ལ་འགན་གཙང་ལེན་བྱེད་མཁན་ཚད་བཀག་མེད།  ཡིན་ན་ཡང་ས་ཞིང་གི་བདག་པོས་དེ་ལྟ་བུའི་རེ་བ་བཏོན་ཆོག་ལ་ཁྲིམས་ལུགས་དང་ཡང་མི་འགལ།  གལ་ཏེ་གན་རྒྱ་སྔོན་མའི་ནང་ས་ཞིང་གི་འགན་ལེན་དེ་མི་གཞན་ལ་བརྒྱུད་སྤྲོད་བྱ་མི་ཆོག་པར་གཏན་ཁེལ་བྱས་མེད་པ་དང་བརྒྱུད་སྤྲོད་བྱེད་སྐབས་ས་ཞིང་གི་བདག་པོས་ཤེས་མི་དགོས་པའི་གནས་ཚུལ་འོག་ཀླུ་འབུམ་ལ་ཡོང་འབབ་བགོ་བཤའ་ཐད་ཀྱི་གན་རྒྱ་ཞིག་ཁ་གསབ་བྱས་ནས་གྱོང་གུད་མེད་པར་བཟོ་དགོས་ལ།  དེ་ལྟར་བྱས་ན་ས་ཞིང་གི་བཀོལ་སྤྱོད་ཁེ་དབང་ལ་གནོད་པ་ཐེབས་མི་སྲིད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།