གྱོད་དཔེ།
2008ལོར། བཀྲ་ཤིས་ཀྱིས་དངུལ་ཁང་ཞིག་ནས་སྒོར་ཁྲི8བསྐྱིས་ཤིང་། ཁོའི་གྲོགས་པོ་དབང་ཕྱུག་བཟའ་ཟླ་གཉིས་ཀྱིས་རང་གི་ཁང་བ་བསྐྱིས་དངུལ་གྱི་གཏའ་མར་བཞག བསྐྱིས་དངུལ་སྤྲོད་པའི་དུས་ཚོད་ཐོན་ཡང་བཀྲ་ཤིས་ཀྱིས་བསྐྱིས་དངུལ་གཞལ་བས་དངུལ་ཁང་གིས་ཁོ་ལ་ཐེངས་དུ་མར་བསྐྱིས་དངུལ་གཞལ་དགོས་པའི་རེ་བཏོན་ཡང་ཁོས་ཁ་ཡ་མ་བྱས་པར་བསྡད། དངུལ་ཁང་ཐབས་ཟད་ནས་ས་གནས་མི་དམངས་ཁྲིམས་ཁང་ལ་ཞུ་གཏུག་བྱས་ཏེ་བསྐྱིས་དངུལ་དང་དེའི་སྐྱེད་ཀ་བཅས་བསྡོམས་པས་སྒོར་ཁྲི10དང་སྟོང7གཞལ་དགོས་པ་དང་། དབང་ཕྱུག་བཟའ་ཟླ་གཉིས་ཀྱིས་དེའི་ཁག་ཐེག་གི་འགན་འཁུར་དགོས་པའི་རེ་བ་བཏོན།
ཁྲིམས་ཁང་གིས་ཞིབ་བཤེར་བརྒྱུད་དེ་ཤེས་གསལ་བྱུང་བ་ལྟར་ན། དབང་ཕྱུག་བཟའ་ཟླ་གཉིས་ཀྱིས་གཏའ་མར་བཞག་པའི་ཁང་བ་དེའི་བདག་དབང་ནི་ཁོ་གཉིས་ཀྱི་བུའི་མིང་ཐོག་ཏུ་ཐོ་འགོད་བྱས་ཡོད་ལ། ཁང་བ་དེ་དངུལ་ཁང་ལ་གཏའ་མར་འཇོག་སྐབས་དབང་ཕྱུག་བཟའ་ཟླ་གཉིས་ཀྱི་བུ་ནི་ནར་མ་སོན་པའི་མི་ཡིན་པས། འབྲེལ་ཡོད་བཅའ་ཁྲིམས་ཀྱི་གཏན་ཁེལ་གཞིར་བཟུང་ན་བསྐྱིས་དངུལ་གྱི་གཏའ་མའི་གན་རྒྱ་དེ་ནི་ནུས་མེད་ཀྱི་གན་རྒྱ་ཡིན། ཁྲིམས་ཁང་གིས་ཐབས་བརྒྱ་ཇུས་སྟོང་གིས་འདུམ་སྒྲིག་འོག་དབང་ཕྱུག་བཟའ་ཟླ་གཉིས་ཀྱིས་རང་གི་ཟླ་ཕོགས་ཀྱིས་བཀྲ་ཤིས་ཀྱི་བསྐྱིས་སྒོར་ལ་འགན་སྲུང་བྱ་བར་ཁས་ལེན་བྱས།
ཕྲན་དཔྱད།
རང་རྒྱལ་གྱི«དམངས་ཁྲིམས་སྤྱི་སྲོལ»གྱི་དོན་ཚན18པའི་གཏན་ཁེལ་ལྟར་ན།“ལྟ་སྐུལ་པས་ལྟ་སྐུལ་འགན་འཁྲི་ལག་བསྟར་བྱ་འོས་ལ། ལྟ་སྐུལ་བྱེད་ཡུལ་གྱི་མ་ལུས་དང་རྒྱུ་ནོར། གཞན་པའི་ཁྲིམས་མཐུན་ཁེ་དབང་ལ་སྲུང་སྐྱོང་བྱ་དགོས་ཤིང་། ལྟ་སྐུལ་བྱེད་ཡུལ་གྱི་ཁེ་དབང་ཕུད་པ་ལས་གཞན། ལྟ་སྐུལ་མཁན་གྱིས་ལྟ་སྐུལ་བྱེད་ཡུལ་གྱི་རྒྱུ་ནོར་ཐག་གཅོད་བྱ་མི་ཆོག ”ཅེས་བཀོད་ཡོད། རང་རྒྱལ་གྱི«གན་རྒྱའི་བཅའ་ཁྲིམས»ཀྱི་འབྲེལ་ཡོད་གཏན་ཁེལ་གཞིར་བཟུང་ན། བསྐྱིས་དངུལ་ལ་གཏའ་མ་མཁོ་འདོན་བྱེད་སྐབས། དངུལ་བསྐྱི་མཁན་ནི་གན་རྒྱའི་ནང་གི་འགན་འཁུར་པ་གཙོ་བོ་ཡིན་ལ། གཏའ་མའི་གན་རྒྱ་ནི་ཕལ་བ་ཡིན། གོང་གི་གན་རྒྱ་དེ་ནི་ནུས་མེད་གན་རྒྱ་ཡིན་ན་ཡང་། གན་རྒྱ་གཙོ་བོ་ལ་ཤུགས་རྐྱེན་ཐེབས་མི་སྲིད། །
རྩོམ་སྒྲིག་པ། ཀླུ་མོ་མཚོ།
བྱིས་པའི་རྒྱུ་ནོར་དངུལ་ཁང་གི་གཏའ་མར་བཞག་ཆོག་གམ།