ཀྲུང་གོ་བོད་ཀྱི་དྲ་བ།

མགྲོན་ཁང་གི་བྱ་སྤྱོད་དེ་ཁྲིམས་མཐུན་ཡིན་ནམ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།     སྤེལ་དུས། : 2019-10-24
ཡིག་གཟུགས། :ཆུང་། འབྲིང་། ཆེ།

གྱོད་དཔེ།

ཟླ་སྔོན་མའི་ནང་སངས་རྒྱས་ཀྱིས་གསོལ་ཁང་ཆེན་མོ་ཞིག་ཏུ་གཉེན་སྒྲིག་གི་ཆོ་ག་སྤེལ། ཁོས་ཉིན་དེར་གསོལ་ཁང་དེ་རུ་མགྲོན་ཁང་གྱན་གཅིག་བླངས་ནས་དེར་ཕ་ཡུལ་གྱི་མགྲོན་པོ་རྣམས་བཀོད་སྒྲིག་བྱས། ཕྱི་ཉིན་ཁོ་སོང་ནས་ཁང་བ་ཕྱིར་སློག་སྐབས། ཞབས་ཞུ་མས་མགྲོན་ཁང་ནང་གི་ཤེལ་གྱི་དཀར་ཡོལ་གཉིས་ཡོད་པ་དེ་ཆག་འདུག་པས་སྐྱིན་ཚབ་གཞལ་དགོས་པའི་རེ་བ་བཏོན། མགྲོན་ཁང་དེའི་ཁང་བ་རེ་རེའི་ནང་དུ་དངོས་པོ་ག་འདྲ་ཡོད་པ་དང་དེར་ཆག་སྐྱོན་སོགས་བཟོས་ན་སྐྱིན་ཚབ་ཀྱི་རིན་གོང་ག་འདྲ་ཡིན་པ་བཅས་གསལ་བོར་བྲིས་འདུག ཁོས་ཞབས་ཞུ་མས་བསྟན་པའི་དངོས་པོའི་རིན་གོང་དེར་བལྟས་པ་ན། ཤེལ་གྱི་དཀར་ཡོལ་རེ་ལ་སྒོར200བྲིས་འདུག ཁོས་བསམ་པར་ཤེལ་གྱི་དཀར་ཡོལ་དེ་ཚོང་རའི་ནང་སྒོར20ཙམ་ཡིན་ལ། འདིར་ལྡབ10ལྷག་གིས་དཀའ་བས་ཁོས་ཚོང་རར་སོང་ནས་དེ་དང་གཅིག་མཚུངས་ཡིན་པའི་ཤེལ་གྱི་དཀར་ཡོལ་གཉིས་ཉོས་ཆོག་པར་བཤད་པ་ན། མགྲོན་ཁང་ཕྱོགས་ཀྱིས་དེ་དང་ལེན་མ་བྱས་པར་ཁོ་ཚོས་གཏན་ཁེལ་བྱས་པའི་རིན་གོང་ལྟར་སྐྱིན་ཚབ་གཞལ་དགོས་ལ། དེ་མ་གཏོགས་ཁོས་གཏའ་མར་བཞག་པའི་སྒོར200དེ་ཕྱིར་མི་སློག་ཟེར། དེ་ནས་ཁོས་ཇི་ལྟར་གནས་ལུགས་བཤད་ཀྱང་ཁང་བདག་གིས་མ་ཉན་པས། ཐབས་ཟད་དེ་དེ་ཚོས་བཤད་པ་ནང་བཞིན་ཤེལ་གྱི་དཀར་ཡོལ་གཅིག་ལ་སྒོར200རེ་བྱིན་ནས་སྐྱིན་ཚབ་འཇལ།

ཕྲན་དཔྱད།

གནས་ཚུལ་འདི་ལྟ་བུ་ད་ལྟ་ཧ་ཅང་རྒྱུན་འབྱམས་སུ་སོང་ཡོད་ལ། མགྲོན་ཁང་ཆེ་ཆུང་གང་ཡིན་ཡང་དེའི་ཁང་བའི་ནང་གི་དངོས་པོའི་རིན་གོང་བྲིས་ཡོད་པའི་རེའུ་མིག་ཅིག་འདུག ཡིན་ན་ཡང་རེའུ་མིག་སྟེང་གི་རིན་གོང་ནི་ཚོང་རའི་རིན་གོང་དང་བསྡུར་ན་ལྡབ་འགའི་མཐོ་ལ། མགྲོན་ཁང་ཇི་འདྲའི་ཆེ་ན་དངོས་པོའི་རིན་གོང་ཡང་དེ་ལྟར་མཐོ། འོ་ན། མགྲོན་ཁང་གི་དངོས་པོའི་སྐྱིན་ཚབ་རིན་གོང་འདི་ལྟ་བུ་ལ་ཁྲིམས་ལུགས་ཀྱིས་སྲུང་སྐྱོང་ཐོབ་བམ།

འཛད་སྤྱོད་པ་མགྲོན་ཁང་དུ་སྡོད་སྐབས། རང་གིས་དོ་སྣང་མ་བྱས་པ་དང་ཡང་ན་གཞན་པའི་བྱ་སྤྱོད་ལས་མགྲོན་ཁང་གི་དངོས་པོར་ཆག་སྐྱོན་ཤོར་ན་དེར་འོས་འཚམ་གྱིས་སྐྱིན་ཚབ་གཞལ་དགོས། ཡིན་ན་ཡང་སྐྱིན་ཚབ་དེ་ཚུལ་མཐུན་དང་འདྲ་མཉམ། འོས་འཚམ་གྱི་རྩ་དོན་དེ་གཞིར་འཛིན་དགོས། གཅིག་མཚུངས་ཀྱི་དངོས་པོ་ལ་ཚོང་རའི་དངོས་གོང་ལས་ལྡབ་འགའི་ཇེ་མཐོར་གཏོང་བ་ནི། འདྲ་མཉམ་དང་འདྲ་མཚུངས་སྐྱིན་ཚབ་ཀྱི་རྩ་དོན་དང་འགལ་འདུག་པས། དེ་ལྟ་བུའི་མགྲོན་ཁང་གི་བྱ་སྤྱོད་ལ་ཁྲིམས་ལུགས་ཀྱིས་སྲུང་སྐྱོང་མི་ཐོབ། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།