ཀྲུང་གོ་བོད་ཀྱི་དྲ་བ།

​ལྐོག་བཟའི་ཉེས་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།     སྤེལ་དུས། : 2019-10-24
ཡིག་གཟུགས། :ཆུང་། འབྲིང་། ཆེ།

གྱོད་དཔེ།

བཟོ་གྲྭ་ག་གེ་མོའི་གཞུང་ལས་ཁང་གི་ཀྲུའུ་རིན་གྱིས་རང་གི་བུ་སློབ་མཐར་ཕྱིན་རྗེས་ཁང་བ་ཞིག་དགོས་པར་བསམ་ཡང་།  ཁོ་དང་ཆུང་མ་གཉིས་པོར་ཟླ་རེར་ཁྱོན་བསྡོམས་ཟླ་ཕོགས་སྒོར་དྲུག་སྟོང་ཙམ་ལས་མེད་པས། ཁང་བ་ཉོ་རྒྱུ་ཟེར་བ་དེ་ཁ་ནས་གླེང་རྒྱུ་མ་གཏོགས་ལག་ཐོག་ཏུ་དོན་འཁྱོལ་བྱ་མ་ཐུབ་པར་ལུས། ཁོས་བསམ་པར་མི་ལ་ཞོར་ལས་ཀྱི་ཡོང་ཁོངས་ཤིག་མེད་ན་ཕྱུག་པོར་མི་འགྱུར་བར་སྙམ་ནས་ནོར་ཞིག་བཙལ་འདོད་ཀྱི་འདུན་པ་འགོག་མེད་དུ་སྐྱེ་བཞིན་ཡོད། ཡིན་ན་ཡང་ཁོས་ཐབས་ལམ་བཟང་བོ་ཞིག་མ་རྙེད་སྟབས། རང་གི་ལས་འགན་སྒྲུབ་པའི་གོ་སྐབས་དང་བསྟུན་ནས་བཟོ་གྲྭའི་སྒྲིག་ཆས་ཉམས་གསོའི་འགྲོ་གྲོན་རྫུན་བཟོ་བྱས་ནས་སྔ་གཞུག་ཏུ་གཞུང་སྒོར་ཁྲི་བཅུ་ལྷག་ལྐོག་བཟའ་བྱས། ཕྱི་ལོ་བཟོ་གྲྭས་འབྲིང་རིམ་ལས་བྱེད་པས་བྱ་སྤྱོད་དག་ཐེར་གྱི་སློབ་སྦྱོང་བྱ་འགུལ་ཞིག་སྤེལ་ནས། ཚོགས་ཐོག་ཏུ་བཟོ་གྲྭའི་སྤྱི་གཉེར་པས་ཁྲིམས་ལུགས་ཐད་ཀྱི་སློབ་གསོ་གཏོང་སྐབས་དཔལ་འབྱོར་ཉེས་གསོག་གི་གྱོད་གཞི་འགའ་དཔེ་དྲངས་ཏེ་གཏམ་བརྗོད་སྤེལ་བས། གཞུང་ལས་ཁང་གི་ཀྲུའུ་རིན་དངངས་སྐྲག་སྐྱེས་ཏེ་ཡོང་ཁུངས་མི་གཙང་བའི་དངུལ་སྒོར་ཡོངས་རྫོགས་ཁྱེར་ནས་ས་གནས་མི་དམངས་ཁྲིམས་ཁང་དུ་རང་ཉེས་ཁས་ལེན་བྱེད་དུ་སོང་། མི་དམངས་ཁྲིམས་ཁང་གིས་གྱོད་དོན་དེར་རྩད་ཞིབ་ནན་མོ་བྱས་མཐར། ཁོ་ལ་དུས་བཀག་བཙོན་འཇུག་ལོ3གྱི་ཁྲིམས་ཆད་བཅད།

ཕྲན་དཔྱད།

ད་ལྟའི་སྤྱི་ཚོགས་ནང་རྒྱལ་ཁབ་ཀྱི་ཁྲིམས་ལུགས་སྣང་མེད་དུ་བསྐྱུར་བ་དང་ལས་ཁུངས་ཀྱི་སྒྲིག་སྲོལ་མི་བརྩི་བའི་ལས་བྱེད་པ་ཉུང་ཤས་ཤིག་གིས་ཁེ་མཐོང་བདེན་བསྐྱུར་གྱིས་གཞུང་རྒྱུ་སྨྱོ་ཧམ་ཆེན་པོས་ལྐོག་བཟའ་ལྐོག་ཁྱེར་བྱེད་པ་དང་། ལྐོག་ངན་སྤྲོད་ལེན་བྱེད་པ། རྫུན་བཤད་གཡོ་ཁྲམ་བྱེད་པ་སོགས་ཚུལ་མིན་གྱི་བྱེད་སྒོ་སྣ་ཚོགས་སྤེལ་བཞིན་ཡོད། རང་རྒྱལ་གྱི«ཉེས་ཁྲིམས»ཀྱི་དོན་ཚན155པའི་ནང“ལྐོག་བཟའི་ཉེས་པ་བསགས་མཁན་ལ་ལོ5མན་གྱི་དུས་བཀག་བཙོན་འཇུག་དང་དུས་ཐུང་ལས་སྐུལ་བཙོན་འཇུག་གི་ཉེས་ཆད་གཅད་རྒྱུ་དང་། ལྐོག་བཟའི་གྲངས་འབོར་ཆེ་བ་དང་བྱས་ཉེས་ཚབས་ཆེན་ཡིན་ན་ལོ5ཡན་གྱི་དུས་བཀག་བཙོན་འཇུག་བྱ་རྒྱུ། བྱས་ཉེས་ཧ་ཅང་ཚབས་ཆེན་ཡིན་ན་ཚེ་བཙོན་ནམ་སྲོག་ཁྲིམས་གཅད་རྒྱུ། ”ཞེས་གཏན་ཁེལ་གསལ་བོ་བྱས་ཡོད། དུས་མཚུངས་སུ་ད་དུང་རྒྱུ་ནོར་གཞུང་བཞེས་གཏང་རྒྱུའི་ཉེས་ཆད་མཉམ་དུ་གཅོད་པའམ་སྐྱིན་ཚབ་སྤྲོད་དགོས་པའི་འགན་འཁྲི་དཀྲིས་ཆོག་ཅེས་གཏན་ཁེལ་བྱས་ཡོད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།