ཀྲུང་གོ་བོད་ཀྱི་དྲ་བ།

བཟའ་འཐོར་མ་བྱས་པའི་སྔོན་གྱི་བསྐྱིས་སྒོར་གྱི་སྐྱིན་ཚབ་སུས་འཇལ་དགོས།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།     སྤེལ་དུས། : 2018-05-14
ཡིག་གཟུགས། :ཆུང་། འབྲིང་། ཆེ།

1523953346870703.png

གྱོད་དཔེ། 

ང་དང་ངའི་ཁྱོ་ག་གཉིས་གྱ་བརྒྱད་ལོར་གཉེན་སྒྲིག་བྱས་ཤིང་། གཉེན་སྒྲིག་བྱས་རྗེས་རྒྱུན་དུ་ཁ་འཁོན་སོགས་སློང་བས་གཞི་ནས་འགྲིག་མཐུན་ཡོང་དཀའ་བར་གྱུར་སྟབས། བདག་གི་ཁྱོ་གས་གོ་གསུམ་ལོར་མི་དམངས་ཁྲིམས་ཁང་ལ་བཟའ་འཐོར་བྱེད་རྒྱུའི་ཞུ་གཏུག་བྱས་ཤིང་། སྐབས་དེར་བདག་ལ་མངལ་སྦྲུམ་ཡོད་པས་མི་དམངས་ཁྲིམས་ཁང་གིས་ངེད་གཉིས་བཟའ་འཐོར་བྱས་མི་ཆོག་པར་ཐག་གཅོད་བྱས། ཟླ་གཅིག་གི་རྗེས་སུ་ང་ལ་བྱིས་པ་ཞིག་སྐྱེས་ནའང་། བྱིས་པ་བཙས་ནས་ཉིན་བཅུ་ལྷག་འགོར་རྗེས་བྱིས་པར་ནད་ལྕི་མོ་ཞིག་ཕོག་སྟེ་སྨན་ཁང་དུ་སྡོད་དགོས་བྱུང་། སྨན་ཁང་ལས་ཕྱིར་བུད་རྗེས་ཁྱོ་གས་ང་དང་བྱིས་པ་གཉིས་བདག་གི་ཕ་མའི་ཁྱིམ་དུ་བསྐྱལ། དེ་ནས་ལོ་གཅིག་གི་རྗེས་སུ། ཁྱོ་གས་ཡང་བསྐྱར་ངེད་གཉིས་བཟའ་འཐོར་བྱེད་རྒྱུའི་རེ་བ་བཏོན་པ་ན། བདག་ཀྱང་འཐད་ནས་བཟའ་འཐོར་བྱེད་རྒྱུའི་སེམས་ཐག་བཅད། འོན་ཀྱང་འདས་པའི་ལོ་གཅིག་གི་རིང་ལ། ངས་བྱིས་པར་སྨན་བཅོས་བྱེད་སྤྱད་སྒོར་དྲུག་སྟོང་གཞན་ལ་བསྐྱིས། ཁྱོ་གས་བཤད་ན་དེ་ནི་ངས་གཞན་ལ་བསྐྱིས་པའི་སྒོར་ཡིན་པས་སྐྱིན་ཚབ་ཁྱོད་གཅིག་པུས་སྟེར་དགོས་ཟེ། ངས་གཞན་ལ་བསྐྱིས་པའི་སྒོར་དྲུག་སྟོང་ནི་བྱིས་པའི་སྨན་ཡོན་དུ་ཤོར་སོང་། དེ་བས་བཟའ་འཐོར་སྔོན་གྱི་བསྐྱིས་སྒོར་འདི་ཚང་མ་ང་ཁོ་ནས་སྐྱིན་ཚབ་འཇལ་དགོས་པ་ཡིན་ནམ།

ཁྲིམས་བཤད།

ཁྱོད་ཀྱི་དྲིས་པའི་དོན་རྐྱེན་འདི《གཉེན་སྒྲིག་བཅའ་ཁྲིམས》ཀྱི་དོན་ཚན་སོ་གཉིས་པའི་ཁྲོད་དུ་གཏན་ཁེལ་བྱས་ཡོད། བཟའ་འཐོར་སྐབས་སུ། སྔོན་ཁྱོ་ཤུག་གཉིས་ཀས་བསྐྱིས་པའི་སྒོར་མོ་རྣམས་ཁྱོ་ཤུག་ཐུན་མོང་ལ་དབང་བའི་རྒྱུ་ནོར་གྱིས་སྐྱིན་ཚབ་སྤྲོད་དགོས་ལ། གལ་ཏེ་ཐུན་མོང་ལ་དབང་བའི་རྒྱུ་ནོར་གྱིས་སྐྱིན་ཚབ་འཇལ་རྒྱུ་མི་འདང་ན། ཁྱོ་ཤུག་གཉིས་ཀས་ཕན་ཚུན་གྲོས་བསྡུར་བྱས་ཏེ་སྐྱིན་ཚབ་འཇལ་དགོས་པ་དང་། ཁྱོ་ཤུག་བར་ལ་གྲོས་མཐུན་མི་ཡོང་བའི་དུས་སུ། མི་དམངས་ཁྲིམས་ཁང་གིས་ཐག་གཅོད་བྱེད་དགོས་ཞེས་བསྟན་ཡོད། ཁྱོ་ཤུག་ཕན་ཚུན་ལ་སྐྱིན་འཇལ་དངུལ་ཅི་ཙམ་ཐོབ་པ་ཁྲིམས་ཁང་གིས་ཞིབ་གཅོད་བརྒྱུད་ནས་ཐག་གཅོད་བྱ་དགོས། 

ཁྱོ་ཤུག་ཐུན་མོང་ལ་དབང་བའི་རྒྱུ་ནོར་གྱིས་འཇལ་ཚུལ་ནི། གཙོ་བོ་གཉེན་སྒྲིག་བྱས་ནས་ཁྱིམ་གཅིག་ན་ཡོད་དུས་ཕ་མ་ལ་དྲིན་བཟོ་བྱེད་ཆེད་དང་། བྱིས་པ་སྙོར་སྐྱོང་ངམ་ཁྱོ་ཤུག་གཉིས་ལས་ཅིག་ཤོས་ཀྱིས་ཁྱིམ་ཚང་ཐུན་མོང་ལ་དབང་བའི་རྒྱུ་ནོར་ཟེར། བསྐྱིས་དངོས་འདི་དག་ཁྱོ་ཤུག་ཐུན་མོང་གིས་བསྐྱིས་པ་ཡིན་ནའང་འདྲ། ཁྱོ་ཤུག་གཉིས་ལས་མི་སྒེར་གྱིས་སྐྱིན་ཚབ་འཇལ་དགོས་པ་ནི། གཉེན་སྒྲིག་མ་བྱས་པའི་སྔོན་གྱི་མི་སྒེར་གྱིས་བསྐྱིས་པའི་བསྐྱིས་དངོས་དང་། གཞན་གཉེན་སྒྲིག་བྱས་ཟིན་ནའང་མི་སྒེར་ལ་མཁོ་བའི་དབང་གིས་བསྐྱིས་པའི་བསྐྱིས་དངོས་སམ། ཐུན་མོང་འཚོ་བ་ལ་འབྲེལ་བ་མེད་པ། དཔེར་ན། ཁྱོ་ཤུག་གཉིས་ལས་ཅིག་ཤོས་དེས་རྒྱན་བཞག་པ་དང་ཤོ་རྒྱག་པར་ཤོར་བའི་བསྐྱིས་དངུལ་དེ་སྐྱི་མཁན་རང་ཉིད་ཀྱིས་སྐྱིན་ཚབ་འཇལ་དགོས་སོ། །

འོན་ཀྱང་ཁྱོད་ཀྱིས་བསྐྱིས་པའི་སྒོར་དྲུག་སྟོང་ནི། ཁྱོད་གཉིས་བཟའ་འཐོར་མ་བྱས་སྔོན་བྱིས་པར་ནད་ཕོག་སྟེ་སྨན་ཡོན་དུ་བསྐྱིས་པའི་སྒོར་མོ་ཡིན་པས། ཁྱོ་ཤུག་ཐུན་མོང་གིས་བསགས་པའི་སྐྱིན་ཚབ་འཇལ་བ་ནི་ཧ་ཅང་འགྲིག་གོ། གལ་ཏེ་ཁྱོད་གཉིས་ལ་ཡོད་པའི་ཁྱིམ་ཚང་གི་ཐུན་མོང་རྒྱུ་ནོར་གྱིས་སྐྱིན་ཚབ་སྤྲད་ཀྱང་མི་འདང་ན། ཁྱོད་དང་ཁྱོ་ག་གཉིས་གྲོས་བྱས་ཏེ་སྒོར་མོ་བསྐྱི་མཁན་ལ་སྐྱིན་ཚབ་འཇལ་དགོས། གལ་ཏེ་ཁྱོད་ཀྱི་ཁྱོ་གས་སྐྱིན་ཚབ་དེ་ཁོས་འཇལ་མི་ཐུབ་ཟེར་ན། ཁྱོད་ཀྱིས་ས་དེ་གའི་མི་དམངས་ཁྲིམས་ཁང་ལ་གཏུག་བཤེར་བྱོས་དང་ཁྲིམས་ཁང་གིས་ཁྱོད་ཀྱི་ཁེ་དབང་ལ་སྲུང་སྐྱོང་བྱེད་དོ། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།