ཀྲུང་གོ་བོད་ཀྱི་དྲ་བ།

བག་རྫོངས་སུ་ཉོས་པའི་རླངས་འཁོར་བཟའ་ཟླའི་ཐུན་མོང་གི་རྒྱུ་ནོར་དུ་གཏོགས་སམ།

ཡོང་ཁུངས། : མཚོ་སྔོན་བོད་ཡིག་གསར་འགྱུར།     སྤེལ་དུས། : 2018-05-11
ཡིག་གཟུགས། :ཆུང་། འབྲིང་། ཆེ།

དཔེ་མཚོན།

2010ལོར།བདེ་སྐྱིད་སྒྲོལ་མ་དང་ཀླུ་འབུམ་གཉིས་མི་གཞན་གྱིས་མཚམས་སྦྱོར་བྱས་པ་བརྒྱུད་དེ་ངོ་ཤེས་ཤིང་དགའ་གྲོགས་བསྒྲིགས་པར་མ་ཟད་། བཟའ་སྒྲིག་ཡང་བྱས།བཟའ་སྒྲིག་བྱེད་ཁར་བདེ་སྐྱིད་སྒྲོལ་མའི་ཕ་མ་གཉིས་ཀྱིས་རླངས་འཁོར་ཆུང་ཆུང་ཞིག་ཉོས་ནས་བག་རྫོངས་སུ་བུ་མོར་བྱིན་མོད།འོན་ཀྱང་རླངས་འཁོར་དེ་ད་ལྟ་ད་རུང་བདེ་སྐྱིད་སྒྲོལ་མའི་ཨ་ཕའི་མིང་ཐོག་ཏུ་བཀོད་ཡོད།བཟའ་སྒྲིག་བྱས་རྗེས་ཁོ་གཉིས་ཀར་རྒྱུན་དུ་བཟའ་འཁོན་བྱུང་བས།བདེ་སྐྱིད་སྒྲོལ་མས་བཟའ་འཐོར་བྱེད་རྒྱུའི་རེ་བ་བཏོན་ཅིང་བཟའ་ཟླ་ཐུན་མོང་གི་རྒྱུ་ནོར་ཡང་ཁྲིམས་ལྟར་བགོ་བཤའ་བརྒྱབ་པ་རེད།ཕྱོགས་གཉིས་ཀ་བཟའ་བ་འཐོར་རྒྱུར་འཐད་པ་བྱུང་ནའང་།བག་རྫོངས་སུ་བྱིན་པའི་རླངས་འཁོར་དེ་བཟའ་ཟླའི་ཐུན་མོང་གི་རྒྱུ་ནོར་ཡིན་མིན་ཐད་རྩོད་པ་བྱུང་།འདིར་འདྲི་རྒྱུ་ཞིག་ནི།བག་རྫོངས་སུ་བྱིན་པའི་རླངས་འཁོར་དེ་བཟའ་ཟླའི་ཐུན་མོང་གི་རྒྱུ་ནོར་དུ་གཏོགས་སམ།

བཅའ་ཁྲིམས་ཀྱི་ཁུངས་ལུང་།

གན་རྒྱའི་བཅའ་ཁྲིམས་སོགས་ཀྱི་འབྲེལ་ཡོད་བཅའ་ཁྲིམས་ཁྲིམས་སྲོལ་སྟེང་གི་གཏན་འཁེལ་ལྟར་ན།བདེ་སྐྱིད་སྒྲོལ་མའི་ཕ་མ་གཉིས་ཀྱིས་རླངས་འཁོར་དེ་བག་རྫོངས་སུ་བརྩིས་ནས་བདེ་སྐྱིད་སྒྲོལ་མ་བཟའ་ཟླ་གཉིས་ལ་བྱིན་པའི་བྱ་སྤྱོད་དེ་ནི་འབུལ་སྐྱེས་ཀྱི་ཁོངས་སུ་གཏོགས་པས།བདེ་སྐྱིད་སྒྲོལ་མའི་ཕ་མ་གཉིས་ཀྱིས་རླངས་འཁོར་དེའི་ལྡེ་མིག་དང་བཅས་པ་བདེ་སྐྱིད་སྒྲོལ་མ་བཟའ་ཟླ་གཉིས་ལ་སྤྲད་པ་དང་།བདེ་སྐྱིད་སྒྲོལ་མ་བཟའ་ཟླ་གཉིས་ཀྱིས་དང་ལེན་བྱེད་པའི་སྐབས་དེ་ནས་བཟུང་འབུལ་སྐྱེས་གན་རྒྱ་དེ་ལ་བཅའ་ཁྲིམས་ཀྱི་ནུས་པ་ཐོན་པ་རེད།དེ་ལས་གཞན་ད་རུང་འབུལ་སྐྱེས་གན་རྒྱ་དེ་ལ་ཟུར་བཀོད་འོས་འགན་གང་ཡང་མེད་པར་མ་ཟད།ཀླུ་འབུམ་གྱིས་འབུལ་སྐྱེས་རླངས་འཁོར་དེ་དང་ལེན་བྱས་རྗེས།སྟེར་མཁན་དང་སྟེར་མཁན་གྱི་ཉེ་མི་ལ་གནོད་འཚེ་བཏང་བ་སོགས་ཀྱི་འབུལ་སྐྱེས་དངོས་པོ་ཕྱིར་འཐེན་བྱེད་ཆོག་པའི་ཁྲིམས་བཀོད་བྱ་བ་གང་ཡང་བསྒྲུབས་མེད་པས།བདེ་སྐྱིད་སྒྲོལ་མའི་ཕ་མ་གཉིས་ཀྱིས་དངོས་པོ་དེ་ཕྱིར་འཐེན་བྱེད་མི་ཆོག དེ་བས་རླངས་འཁོར་དེ་ནི་བཟའ་ཟླ་ཐུན་མོང་གི་རྒྱུ་ནོར་ཡིན་ནོ། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།