ཀྲུང་གོ་བོད་ཀྱི་དྲ་བ།

ཁོ་མོས་དགའ་རོགས་ཀྱིས་བྱིན་པའི་རྒྱུ་ནོར་ཕྱིར་མི་སྟེར་བའི་བྱ་སྤྱོད་འདི་ལུགས་མཐུན་ཞིག་ཡིན་ནམ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།     སྤེལ་དུས། : 2018-05-07
ཡིག་གཟུགས། :ཆུང་། འབྲིང་། ཆེ།

1524207107746595.png

གྱོད་དཔེ།

ཉིས་སྟོང་ལོའི་ཟླ་གསུམ་པར། ཟླ་བས་རང་གི་གྲོགས་པོ་ཞིག་བརྒྱུད་ནས་མཚོ་མོ་ངོ་ཤེས་པར་མ་ཟད་ཁོ་གཉིས་ཀྱི་བར་ལ་མི་འགྱུར་དམ་བཅའ་བཞག་ནས་མཛའ་གྲོགས་བསྒྲིགས། ལོ་དེའི་ཟླ་བཅུ་བའི་ནང་ཁོ་གཉིས་ཀྱིས་ཕན་ཚུན་ལ་གཉེན་རྟགས་བརྒྱབ་སྟེ་ཟླ་བས་མོ་ལ་རྒྱུ་རིན་སྒོར་ཁྲི་ལྔ་བྱིན། དེའི་རྗེས་ཀྱི་ཟླ་འགའི་འབྲེལ་འདྲིས་ཁྲོད་ཟླ་བས་མུ་མཐུད་དུ་མཚོ་མོ་ལ་གསེར་གྱི་སྐེ་རྒྱན་དང་མཛུབ་དཀྲིས་སོགས་བསྡོམས་པས་སྒོར་ཁྲི་བཅུ་ལྷག་གི་དངོས་པོ་ཉོས་ནས་བྱིན། ད་ལོའི་ཟླ་གསུམ་པའི་ནང་། མཚོ་མོས་ཁོ་གཉིས་ཀྱི་མཛའ་བརྩེ་དེ་ཁས་ལེན་མི་བྱེད་པར་མ་ཟད། མོ་རང་ལས་གནས་སྤར་ཏེ་ལྷ་ས་རུ་བྱ་བ་བསྒྲུབ་ཏུ་འགྲོ་རྒྱུ་ཡིན་ཟེར། དེ་བས་ཟླ་བ་འུ་ཐུག་སྟེ་ཁོས་སྔོན་ལ་མོར་བྱིན་པའི་རྒྱན་ཆ་དང་གཉེན་རྟགས་ཀྱི་སྒོར་མོ་རྣམས་ཕྱིར་སྟེར་དགོས་པར་བཤད་པ་ན། མོས་ཁོ་ལ་མི་སྟེར་བར་མ་ཟད་སྡིགས་མོ་མི་ཉུང་བ་ཞིག་བྱས་སོང་བ་རེད། མཚོ་མོའི་བྱ་སྤྱོད་འདི་ལུགས་མཐུན་ཞིག་ཡིན་ནམ།

ཁྲིམས་བཤད།

ད་ལྟའི་སྤྱི་ཚོགས་ཁྲོད་འདི་ལྟ་བུའི་སྣང་ཚུལ་མང་པོ་འདུག གཉེན་སྒྲིག་གི་རྨང་གཞི་ནི་བརྩེ་དུངས་ཡིན་ལ། སྲ་ཞིང་བརྟན་པའི་བརྩེ་དུངས་ཀྱི་རྨང་གཞི་ཞིག་མེད་ན་གཉེན་སྒྲིག་ནི་རྒྱ་མཚོའི་རྦ་རླབས་ཁྲོད་ཀྱི་གཡོར་གྲུ་ཞིག་དང་མཚུངས། གྱོད་དཔེ་འདིའི་ཁྲོད་ཟླ་བས་མཚོ་མོ་ལ་ལེགས་སྐྱེས་སུ་བྱིན་པའི་རྒྱན་ཆ་དང་རྒྱུ་རིན་བཅས་ཕྱིར་བླངས་ཆོག་ཆོག་ཡིན། ཆེས་མཐོ་མི་དམངས་ཁྲིམས་ཁང་གི《གཉེན་སྒྲིག་བཅའ་ཁྲིམས་བཀོལ་སྤྱོད་ཁྲོད་ཀྱི་གནད་དོན་འགའི་གསལ་བཤད》ཀྱི་གཏན་ཁེལ་གཞིར་བཟུང་ན། དོ་བདག་པས་ཡུལ་དེའི་གོམས་སྲོལ་ལྟར་བྱིན་པའི་རྒྱུ་རིན་རྣམས་ཕྱིར་སྟེར་དགོས་པའི་རེ་བ་བཏོན་ཚེ། ཁྲིམས་ཁང་གིས་དོ་དངོས་རྒྱུས་ལོན་གསལ་བོ་བྱས་ཏེ། གཤམ་གྱི་གནས་ཚུལ་གང་རུང་ཞིག་ལྡན་ཚེ་དེ་ལ་རྒྱབ་སྐྱོར་བྱེད་དགོས།

གཅིག ཕོ་མོ་ཟུང་གིས་གཉེན་སྒྲིག་ཐོ་འགོད་མ་བྱས་པ།

གཉིས། ཕོ་མོ་ཟུང་གི་གཉེན་སྒྲིག་ཐོ་འགོད་བྱས་ཀྱང་མཉམ་གཅིག་དུ་འཚོ་བ་མ་རོལ་བ།

གསུམ། གཉེན་སྒྲིག་མ་བྱས་ཡར་སྔོན་ལ་དོ་བདག་ཕྱོགས་གཅིག་གིས་རྒྱུ་རིན་སོགས་བྱིན་མཐར་རང་གི་འཚོ་བར་དཀའ་ཁག་ལ་ཕྲད་པ་བཅས་ཀྱི་སྐབས་སུ་ཁྱོ་ཤུག་ཕྱོགས་གཅིག་ལ་བྱིན་པའི་རྒྱུ་ནོར་ཕྱིར་བླངས་ཆོག

རྩོམ་སྒྲིག་པ། : ཀླུ་མོ་མཚོ།