ཀྲུང་གོ་བོད་ཀྱི་དྲ་བ།

གང་འདོད་དུ་བཟའ་འཐོར་གྲོས་མཐུན་ཡི་གེ་བཞག་ཆོག་གམ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།     སྤེལ་དུས། : 2018-05-02
ཡིག་གཟུགས། :ཆུང་། འབྲིང་། ཆེ།

1524207107746595.png

གྱོད་དཔེ།

སངས་རྒྱས་དོན་གྲུབ་དང་ཁོའི་ཆུང་མ་གཉིས་ཀྱིས་ཉིས་སྟོང་ལོར་རང་འཐད་སྒོས་གཉེན་སྒྲིག་ཐོ་འགོད་བྱས་མོད། རྒྱུ་རྐྱེན་མང་པོ་ཞིག་གི་དབང་གིས་ཁོ་བཟའ་ཟླ་གཉིས་ཀྱི་བར་ལ་འབྲེལ་བ་བཟང་པོ་ཞིག་ཆགས་མ་ཐུབ། ཁོ་གཉིས་ཀྱིས་རྗེས་ཕྱོགས་ཕན་ཚུན་ལ་ཁ་མི་འབྲལ་བ་ཁག་ཐེག་བྱེད་ཆེད་བཟའ་འཐོར་གནད་དོན་ཐད་གྲོས་མཐུན་ཡི་གེ་ཞིག་བཞག་ལ། དེའི་ནང་དོན་ནི། གལ་ཏེ་ཆུང་མས་སྔོན་ལ་བཟའ་འཐོར་གྱི་རེ་ད་བཏོན་ན་མོས་ཁྱོ་ག་ལ་སྒོར་ཁྲི་བཅུ་ཡི་སྐྱིན་ཚབ་སྟེར་དགོས་ཞེས་བྲིས་ཡོད། འདི་ལྟ་བུའི་གྲོས་མཐུན་ཡི་གེ་བཅའ་ཁྲིམས་དང་མཐུན་མིན་སྐོར་ལ་དྲང་བདེན་གྱི་ལན་ཞིག་གདབ་པར་འཚལ།

ཁྲིམས་བཤད།

《གཉེན་སྒྲིག་བཅའ་ཁྲིམས》ཀྱི་དོན་ཚན་བཅུ་དགུ་བའི་ཚན་ཆུང་གསུམ་པ་ལས་གཏན་ཁེལ་བྱས་ཡོད་པ་འདི་ལྟར། ཁྱོ་ཤུག་གཉིས་ལ་གཉེན་སྒྲིག་འབྲེལ་བ་ཡོད་པའི་དུས་སུ་ཐོབ་པའི་རྒྱུ་ནོར་དང་གཉེན་སྒྲིག་སྔོན་གྱི་རྒྱུ་ནོར་ལ་ཁ་ཆད་བཞག་པ་ལྟར་ཚོད་འཛིན་བྱས་ཆོག  《གཉེན་སྒྲིག་བཅའ་ཁྲིམས》ཀྱི་དོན་ཚན་སོ་བདུན་པའི་གཏན་ཁེལ་ལྟར་ན།  ཁྱོ་ཤུག་བཟའ་འཐོར་བྱེད་དུས་བྱིས་པའི་འཚོ་བའི་འགྲོ་གྲོན་དང་སློབ་གསོའི་འགྲོ་གྲོན་སྐོར་ལ་གྲོས་བསྡུར་བྱས་ཆོག  ཁྱོད་ཀྱིས་གླེང་བཞིན་པའི་གྲོས་མཐུན་དེ་ནི་སྤྱིའི་རྒྱུ་ནོར་གྱི་གྲོས་མཐུན་མ་ཡིན་ལ་བྱིས་པའི་གསོ་སྐྱོང་འགྲོ་གྲོན་ཐད་ཀྱི་གྲོས་མཐུན་ཡང་མིན། དེ་ནི་བཟའ་འཐོར་བྱེད་མཁན་གྱིས་སྐྱིན་ཚབ་འཇལ་དགོས་པའི་སྐོར་གྱི་གྲོས་མཐུན་ཞིག་རེད། གྲོས་མཐུན་ཡི་གེ་འདིས་བཟའ་འཐོར་དབང་ཆ་ལག་ལེན་བྱེད་པར་ཆ་རྐྱེན་གཞན་ཁ་སྣོན་བྱས་པ་རེད། འདི་ལྟ་བུའི་བཟའ་འཐོར་དབང་ཆར་ཚོད་འཛིན་བྱེད་པའི་ཁ་ཆད་ནི་བཅའ་ཁྲིམས་སྟེང་ནུས་མེད་ཡིན། 《གཉེན་སྒྲིག་བཅའ་ཁྲིམས》ཀྱི་དོན་ཚན་ཞེ་དྲུག་པའི་གཏན་ཁེལ་ལྟར་ན། གཤམ་གྱི་གནས་ཚུལ་གང་རུང་འཛོམས་ཏེ་བཟའ་འཐོར་བྱེད་དུ་བཅུག་ན། ནོར་འཁྲུལ་མེད་པའི་ཕྱོགས་དེས་ཕྱོགས་གཞན་དེར་སྐྱིན་ཚབ་འཇལ་བའི་རེ་བ་བཏོན་ཆོག     གཅིག གཉེན་བརྩེགས་སྒྲིག་བྱས་པ། གཉིས། བཟའ་ཟླ་ཡོད་བཞིན་དུ་མི་གཞན་དང་མཉམ་འདུག་བྱེད་པ།  གསུམ། ཁྱིམ་མིར་གཏུམ་སྤྱོད་ལག་བསྟར་བྱེད་པ། བཞི། ཁྱིམ་མིར་མནར་གཅོད་གཏོང་བའམ་འདོར་བ་སོགས་ཡོད།

གོང་གི་དོན་ཚན་འདི་ལ་གཞིགས་ན་ང་ཚོས་ཤེས་ཐུབ་པ་ནི། གཉེན་སྒྲིག་བཅའ་ཁྲིམས་ནང་བསྟན་པའི་ཕྱོགས་གཅིག་གིས་སྐྱིན་ཚབ་འགན་འཁྲི་འཁུར་དགོས་ཞེས་པ་ནི་ནོར་འཁྲུལ་ཡོད་པའི་ཕྱོགས་དེར་གོ་ལ། མདོར་ན། གོང་གི་གནས་ཚུལ་དག་ལས་གང་རུང་ཞིག་འཛོམས་པའི་ཕྱོགས་དེ་ཡིས་སྐྱིན་ཚབ་འགན་འཁྲི་འཁུར་དགོས། ཁྱོད་ཚོས་བཞག་པའི་གྲོས་མཐུན་ཡི་གེ་དེ་གཉེན་སྒྲིག་བཅའ་ཁྲིམས་ཀྱི་གཏན་ཁེལ་གྱི་ཁོངས་སུ་མི་འདུ། དེ་བས། གལ་ཏེ་ཕྱོགས་གཉིས་ཀ་རང་འཐད་ཡིན་ན་བཟའ་འཐོར་བྱེད་དུས་གྲོས་མཐུན་ཡི་གེ་འདི་གཞི་འཛིན་བྱས་ཆོག་ལ། བཟའ་འཐོར་གནད་དོན་ཁྲིམས་ཁང་གིས་ཐག་གཅོད་བྱེད་དགོས་ན་གྲོས་མཐུན་ཡི་གེ་འདི་གཞི་འཛིན་ས་མི་བྱེད་དོ། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།