ཀྲུང་གོ་བོད་ཀྱི་དྲ་བ།

ཤི་སོང་བ་ཁྱབ་བསྒྲགས་བྱས་ཟིན་པའི་ཁྱོ་གས་ང་དང་གཉེན་སླར་གསོ་བྱས་ཆོག་གམ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།     སྤེལ་དུས། : 2018-04-28
ཡིག་གཟུགས། :ཆུང་། འབྲིང་། ཆེ།

1524207107746595.png

གྱོད་དཔེ། 

ང་ནི་གཡང་དཀར་ཚོ་བའི་འབྲོག་མི་ཞིག་ཡིན་ཞིང་། ངའི་མིང་ལ་གཟུངས་ཕྱུག་སྐྱིད་ཟེར། ངའི་ཁྱོ་ག་རང་ཁྱིམ་དང་བྲལ་ནས་ལོ་མང་འགོར་སྟབས། ང་རང་ཐབས་ཟད་དེ་མི་དམངས་ཁྲིམས་ཁང་ལ་ཁྱོ་ག་ཤི་སོང་བ་ཁྱབ་བསྒྲགས་བྱེད་དགོས་པའི་རེ་བ་བཏོན་ཞིང་། ཁྱོ་གའི་རྒྱུ་ནོར་ཡང་ང་དང་བུ་མོ་གཉིས་ཀྱིས་ཤུལ་འཛིན་བྱས། བསམ་ཡུལ་ལས་འདས་པ་ཞིག་ལ། འོ་འགའ་འགོར་རྗེས་ངའི་ཁྱོ་ག་སྔོན་མ་ཕྱིར་རང་ཡུལ་དུ་ལོག་ཡོང་། སྐབས་དེར་ང་མི་གཞན་པ་ཞིག་དང་གཉེན་སྒྲིག་བྱས་ཟིན། འོན་ཀྱང་ཁྱོ་ག་སྔོན་མས་ད་ལྟར་ང་ལ་གཉེན་སླར་གསོ་བྱེད་དགོས་པའི་རེ་བ་བཏོན་བྱུང་། བདག་གི་བྱ་སྤྱོད་འདིར་བཅའ་ཁྲིམས་ཀྱི་སྲུང་སྐྱོང་ཐོབ་བམ།

ཁྲིམས་བཤད།

ཐོག་མར་ཁྱོད་ཀྱི་ཁྱོ་ག་སྔོན་མས་ཁྱོད་དང་གཉེན་སླར་གསོ་བྱེད་དགོས་ཟེར་བ་ལ་བཅའ་ཁྲིམས་ཀྱི་གཞི་འཛིན་ས་མེད་ལ། ཤི་སོང་བ་ཁྱབ་བསྒྲགས་བྱས་པ་ནི་མི་དམངས་ཁྲིམས་ཁང་གིས་བཅའ་ཁྲིམས་གཏན་ཁེལ་གྱི་ཆ་རྐྱེན་དང་གོ་རིམ་ལྟར། གར་སོང་མི་ཤེས་པའི་སྤྱི་དམངས་ཤི་སོང་བ་ཁྱབ་བསྒྲགས་བྱས་པའི་བཅའ་ཁྲིམས་ཀྱི་ལམ་ལུགས་ཤིག་ཡིན་ལ། གར་སོང་མི་ཤེས་པ་ཤི་སོང་བར་ངོས་འཛིན་བྱེད་པའི་བཅའ་ཁྲིམས་ཀྱི་ཚོད་རྩིས་ཤིག་ཀྱང་ཡིན། དེའི་དམིགས་ཡུལ་ནི་ཡུན་རིང་བོར་གར་སོང་མི་ཤེས་པའི་སྤྱི་དམངས་ཀྱི་དམངས་དོན་ཁེ་དབང་དང་འོས་འགན་སོགས་གཏན་ཁེལ་མ་ཡིན་པ་རྣམས་ཇེ་གསལ་དང་མཇུག་བསྡུ་ཆེད་ཡིན་ལ། སྤྱི་དམངས་དེའི་ཉེ་འབྲེལ་དང་གཞན་འབྲེལ་ཡོད་པའི་མི་སྣའི་ཁྲིམས་མཐུན་ཁེ་དབང་ལ་སྲུང་སྐྱོང་དང་། སྤྱི་ཚོགས་དཔལ་འབྱོར་གྱི་རྒྱུན་ལྡན་གོ་རིམ་ལ་སྲུང་སྐྱོང་བྱེད་ཆེད་ཀྱང་ཡིན། ཁྱོད་ཀྱི་ཁྱོ་ག་སྔོན་མ་རང་ཁྱིམ་དང་བྲལ་ནས་ལོ་མང་འགོར་བ་དང་། མི་དམངས་ཁྲིམས་ཁང་གིས་ཀྱང་ཤི་སོང་བ་ཁྱབ་བསྒྲགས་བྱས་པ་དེ་ནི་ཤི་སོང་བ་ཚོད་དཔག་ཅིག་ཡིན་པས། ཁྱབ་བསྒྲགས་བྱས་པའི་སྤྱི་དམངས་དེ་དོན་དངོས་གནས་ཤི་སོང་བའམ་འཚོ་བཞེས་བྱས་ཡོད་པ་གང་ཞིག་ཡིན་རུང་། རང་རྒྱལ་གྱི《དམངས་ཁྲིམས་སྤྱི་སྲོལ》གྱི་གཏན་ཁེལ་ལྟར། ཤི་སོང་བ་ཁྱབ་བསྒྲགས་བྱས་པའི་མི་དེ་དོན་དངོས་སུ་ཤི་མེད་ཚེ།  རང་ཉིད་དང་ཡང་ན་འབྲེལ་ཡོད་མི་སྣས་ཡང་བསྐྱར་མི་དམངས་ཁྲིམས་ཁང་ལ་རེ་བ་ཞུས་ཏེ་ཤི་སོང་བ་ཁྱབ་བསྒྲགས་བྱས་པ་ཕྱིར་འཐེན་བྱས་ཆོག  གཞན་ད་དུང་གཏན་ཁེལ་ལྟར་ན། ཤི་སོང་བ་ཁྱབ་བསྒྲགས་བྱས་པ་ཕྱིར་འཐེན་བྱས་པའི་མིས་རྒྱུ་ནོར་ཕྱིར་སྤྲོད་བྱེད་པར་རེ་བ་ཞུ་བའི་དབང་ཆ་ཡོད་ལ། ཤུལ་འཛིན་བཅའ་ཁྲིམས་ཀྱི་གཏན་ཁེལ་ལྟར་ཕྱིར་སྤྲོད་དགོས་ཤིང་། རྒྱུ་ནོར་མེད་པར་བཟོས་ཚེ་འོས་འཚམས་སྒོས་སྐྱིན་ཚབ་སྤྲོད་དགོས། དེ་བས། གཅིག ཁྱོད་དང་བུ་མོ་གཉིས་ཀྱིས་ཁྱོ་ག་སྔོན་མའི་རྒྱུ་ནོར་ཤུལ་འཛིན་བྱས་པའི་ཁྲོད་ཁོ་ལ་དབང་བའི་རྒྱུ་ནོར་རྣམས་ཕྱིར་སྤྲོད་དགོས། གཉིས། ཁྱོད་ཀྱིས་གཉེན་བསྐྱར་སྒྲིག་བྱས་པར་བཅའ་ཁྲིམས་ཀྱིས་སྲུང་སྐྱོང་ཐོབ་པས། ད་ལྟ་ཁྱོ་ག་སྔོན་མར་ཁྱོད་དང་གཉེན་སླར་གསོ་བྱེད་དགོས་པའི་རེ་བ་ཞུ་བའི་དབང་ཆ་མེད་ལ། གལ་སྲིད་ཁོས་ཁྱོད་ཀྱི་འཚོ་བར་གནོད་འཚེ་བསྐྱལ་ན་བཅའ་ཁྲིམས་ཀྱིས་ཁྱོད་ཀྱི་ཁྲིམས་མཐུན་ཁེ་དབང་ལ་སྲུང་སྐྱོང་བྱེད་པར་མ་ཟད་ཁྱོད་ཀྱིས་ཁྲིམས་འཛིན་སྡེ་ཁག་ལ་ཡར་ཞུ་བྱས་ཆོག

རྩོམ་སྒྲིག་པ། : ཀླུ་མོ་མཚོ།