ཀྲུང་གོ་བོད་ཀྱི་དྲ་བ།

བཟའ་འཐོར་བྱས་རྗེས་བྱིས་པའི་དོན་རྐྱེན་བཟོས་ན་ཇི་ལྟར་བྱ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།     སྤེལ་དུས། : 2018-04-16
ཡིག་གཟུགས། :ཆུང་། འབྲིང་། ཆེ།

1474968399771623.png

གྱོད་དཔེ། 

དབང་རྒྱལ་དང་རྡོ་སྐྱིད་གཉིས་ཀྱིས་ཁྲིམས་ཁང་ལ་གཏུག་བཤེར་བྱས་པ་བརྒྱུད་དེ་བཟའ་འཐོར་བྱས་ཤིང་། ཁྲིམས་ཁང་གིས་ལོ་དགུ་སོན་པའི་ཁོ་གཉིས་ཀྱི་བྱིས་པ་དེ་ལ་དབང་རྒྱལ་གྱིས་སྙོར་སྐྱོང་བྱེད་རྒྱུ་དང་། རྡོ་སྐྱིད་ཀྱིས་བྱིས་པ་ལོ་བཅོ་བརྒྱད་ལ་འབུད་རག་བར་དུ་ཟླ་རེར་གསོ་སྐྱོང་དངུལ་སྒོར་ལྔ་བརྒྱ་སྟེར་དགོས་པ་ཐག་གཅོད་བྱས། ཉིན་ཞིག ཁོ་གཉིས་ཀྱི་བྱིས་པས་སློབ་གྲོགས་ཤིག་ལ་གཅར་རྡུང་དྲག་པོ་བྱས་ཏེ་རྨས་སྐྱོན་ཆེན་པོ་བཟོས་པའི་སྨན་ཡོན་ལ་སྒོར་ཁྲི་གསུམ་སྟེར་དགོས་བྱུང་། དབང་རྒྱལ་ལས་ཤོར་བྱུང་བའི་རྐྱེན་གྱིས་ཁོས་སྔོན་གྱི་ཆུང་མ་རྡོ་སྐྱིད་བཙལ་ནས་མཉམ་དུ་འགན་དེ་འཁུར་བའི་རེ་བ་བཏོན་མོད། འོན་ཀྱང་རྡོ་སྐྱིད་ཀྱིས་ཁྲིམས་ཁང་གིས་བྱིས་པ་དབང་རྒྱལ་གྱིས་སྙོར་སྐྱོང་བྱེད་དགོས་པ་ཐག་བཅད་བྱས་ཟིན་པས། རང་ཉིད་ཀྱིས་ཟླ་རེར་གསོ་སྐྱོང་དངུལ་སྟེར་བ་ལས་གཞན་མོ་ལ་བྱིས་པ་གསོ་སྐྱོང་གི་འོས་འགན་ཅི་ཡང་མེད་ཟེར། དོན་དངོས་སུ་རྡོ་སྐྱིད་ལ་བྱིས་པའི་དོན་རྐྱེན་བཟོས་པའི་སྨན་ཡོན་སྟེར་པའི་འགན་འཁུར་ཡོད་དམ།

ཁྲིམས་བཤད།

རང་རྒྱལ་གྱི་གཉེན་སྒྲིག་བཅའ་ཁྲིམས་ཀྱིས་གཏན་ཁེལ་ལྟར་ན། ཁྱོ་ཤུག་བཟའ་འཐོར་བྱས་རྗེས་བྱིས་པ་ཕ་མ་གང་རུང་དང་མཉམ་དུ་འཚོ་བ་རོལ་བཞིན་ཡོད་ནའང་ཕ་མ་གཉིས་ནི་དེའི་ཁྲིམས་མཐུན་ལྟ་སྐྱོང་མཁན་ཡིན་ལ་སྔར་བཞིན་བྱིས་པ་གསོ་སྐྱོང་བྱེད་པའི་འོས་འགན་ཡོད། གསོ་སྐྱོང་འོས་འགན་ནི་ཟླ་རེར་གསོ་སྐྱོང་དངུལ་ངེས་ཅན་ཞིག་སྟེར་བ་ཙམ་མ་ཡིན་པར། དེ་ལས་གཞན་པའི་བྱིས་པའི་རྒྱུན་ལྡན་གྱི་དོན་དངོས་འཚོ་བའི་དགོས་མཁོ་ལས་བརྒལ་བའི་འགྲོ་གྲོན་འདུས་ཤིང་། བྱིས་པས་རྒྱལ་ཁབ་དང་ཐུན་མོང་། མི་གཞན་ལ་གནོད་འཚེ་བཟོས་ན་ལྟ་སྐྱོང་པས་འོས་འཚམས་ཀྱི་འགན་འཁྲི་འཁུར་དགོས།

གོང་གི་གྱོད་གཞི་འདིའི་ཁྲོད། བྱིས་པ་ཨ་ཕ་དབང་རྒྱལ་གྱིས་ཐད་ཀར་དུ་སྙོར་སྐྱོང་བྱེད་བཞིན་ཡོད་པས་ཁོས་བྱིས་པའི་སྙོར་སྐྱོང་དང་སློབ་གསོ། ལྟ་སྐྱོང་ལ་དེ་ལས་ལྷག་པའི་འགན་འཁྲི་འཁུར་དགོས། བྱིས་པས་སློབ་གྲོགས་ལ་གཅར་རྡུང་བྱས་ཏེ་རྨས་སྐྱོན་བཟོས་པ་ལས་བྱུང་བའི་དཔལ་འབྱོར་སྐྱིན་ཚབ་ཐོག་མར་དབང་རྒྱལ་གྱིས་འགན་འཁུར་དགོས། ཡིན་ཡང་སྐྱིན་ཚབ་འགན་འཁྲི་འཁུར་རྒྱུ་དབང་རྒྱལ་གྱིས་དཔལ་འབྱོར་ཆ་རྐྱེན་དང་བསྡུར་ན་དང་ལེན་བྱེད་དཀའ་བའམ་དང་ལེན་ནུས་པ་ལས་བརྒལ་ཚེ། ཆེས་མཐོ་མི་དམངས་ཁྲིམས་ཁང་གིས་དམངས་ཁྲིམས་སྤྱི་སྲོལ་གྱི་གནད་དོན་འགའི་བསམ་འཆར་ལག་ལེན་མཐར་ཕྱིན་བྱེད་པའི་དོན་ཚན་བརྒྱ་དང་བརྒྱད་པའི་གཏན་ཁེལ་ལྟར། ཁྱོ་ཤུག་བཟའ་འཐོར་བྱས་རྗེས། ནར་མ་སོན་པའི་བྱིས་པས་མི་གཞན་པའི་ཁེ་དབང་ལ་གནོད་འཚེ་བཏང་ན། བྱིས་པ་དང་མཉམ་དུ་འཚོ་བ་རོལ་བཞིན་པའི་ཕྱོགས་དེས་དམངས་དོན་འགན་འཁྲི་འཁུར་དགོས། གལ་ཏེ་རང་གཅིག་པུས་དམངས་དོན་འགན་འཁྲི་འཁུར་བར་དོན་དངོས་ཀྱི་དཀའ་ཁག་ཡོད་ན། བྱིས་པ་དང་མཉམ་དུ་འཚོ་བ་རོལ་བཞིན་མེད་པའི་ཕྱོགས་དེས་མཉམ་དུ་དམངས་དོན་འགན་འཁྲི་འཁུར་བར་བཀའ་ཕབ་ཆོག དེ་བས། རྡོ་སྐྱིད་ཀྱིས་དབང་རྒྱལ་དང་མཉམ་དུ་སྐྱིན་ཚབ་འདིའི་འགན་འཁྲི་འཁུར་དགོས།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།