ཀྲུང་གོ་བོད་ཀྱི་དྲ་བ།

ཕ་མའི་རྒྱུ་སྐལ་བདག་ལ་མ་འཐོབ་ཚེ་ཕ་མའི་སྨན་ཡོན་ངས་སྟེར་དགོས་སམ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།     སྤེལ་དུས། : 2018-04-12
ཡིག་གཟུགས། :ཆུང་། འབྲིང་། ཆེ།

1474968399771623.png

གྱོད་དཔེ།

ང་ནི་སྟོང་སྐོར་རྫོང་ཉི་ཟླ་སྡེ་བའི་ཞིང་བ་ཞིག་ཡིན་ལ། ངེད་ཚང་ལ་ཕུ་ནུ་མིང་སྲིང་གསུམ་ཡོད་མོད་ད་ལྟ་ཕ་མ་གཉིས་ངའི་ནུ་བོའི་སྙོར་སྐྱོང་བྱེད་བཞིན་ཡོད། ཉིན་འགའི་སྔོན་ཨ་ཕས་ངེད་མིང་སྲིང་རྣམས་ནུ་བོ་ཚང་ལ་བོས་ནས། ཁྱོད་ཚོའི་ཕུ་བོའི་ཁྱིམ་གྱི་འབྱོར་བ་བཟང་རྒྱུ་མེད་པས་ངེད་རྒན་རྒོན་གཉིས་ད་རག་བར་ལ་ནུ་བོ་བཟའ་ཟླ་གཉིས་ཀྱིས་བསྐྱངས་ཤིང་། ཁྱིམ་ཚང་འདིའི་ཕ་རྒྱུ་མ་རྒྱུ་རྣམས་དེ་རིང་ནས་བཟུང་ནུ་བོར་བྱིན་པ་ཡིན་ལ། རྗེས་ཕྱོགས་ཁྱོད་ཚོ་སུས་ཀྱང་བདག་འཛིན་བྱས་མི་ཆོག གལ་ཏེ་རྗེས་ཕྱོགས་སུ་ཕ་མ་གཉིས་ལ་ན་ཚ་འདྲ་བྱུང་སྟེ་སྨན་ཁང་དུ་སྨན་བཅོས་བྱེད་དགོས་པ་བྱུང་ན། སྨན་ཡོན་ཚང་མ་ངེད་མིང་སྲིང་གསུམ་པོས་མཉམ་གཅིག་དུ་འཁུར་དགོས་ཟེར། ཡིན་ཡང་ངེད་མིང་སྲིང་གཉིས་ལ་ཕ་མའི་རྒྱུ་སྐལ་ཅི་ཡང་མེད་པས། ཉིན་དེར། ངེད་མིང་སྲིང་གཉིས་ཀྱིས་སྨན་ཡོན་སྟེར་མི་ཐུབ་ཅེས་བཤད་པ་ན་ང་ཚོའི་བར་ལ་ཁ་རྩོད་དྲག་པོ་བྱུང་། ངས་ད་ལྟ་ད་དུང་འདང་མི་དཔོག་པ་ཞིག་ལ་ཕ་མའི་རྒྱུ་སྐལ་མེད་ན་ངེད་མིང་སྲིང་གཉིས་ལ་ཕ་མ་སྙོར་སྐྱོང་བྱེད་པའི་འོས་འགན་ཡོད་དམ།

ཁྲིམས་བཤད།

《གཉེན་སྒྲིག་བཅའ་ཁྲིམས》ལས་ཕ་མར་བྱིས་པ་སྙོར་སྐྱོང་དང་སློབ་གསོ་གཏོང་བའི་འོས་འགན་ཡོད་ལ། བྱིས་པར་ཕ་མ་སྙོར་སྐྱོང་དང་རོགས་སྐྱོར་བྱེད་པའི་འོས་འགན་ཡོད་ཅེས་གསལ་བོར་གཏན་ཁེལ་བྱས་ཡོད། ཁྲིམས་ལུགས་སྟེང་བུ་བུ་མོས་ཕ་མའི་རྒྱུ་ནོར་ཤུལ་འཛིན་བྱས་ཚེ་ཕ་མ་སྙོར་སྐྱོང་བྱེད་པའི་འོས་འཁན་ཡོད་པ་དང་ཤུལ་འཛིན་མ་བྱས་ཚེ་སྙོར་སྐྱོང་གི་འོས་འགན་མེད་ཅེས་གཏན་ཁེལ་བྱས་མེད། ཕ་མའི་རྒྱུ་ནོར་ཤུལ་འཛིན་བྱས་ཡོད་མེད་ཀྱི་བྱིས་པ་སུ་ཡིན་རུང་ཕ་མ་སྙོར་སྐྱོང་གི་འབྲེལ་བ་དང་འགན་འཁྲི་ཡོད་ལ། ཕ་མས་རང་གི་རྒྱུ་ནོར་བྱིས་པ་སུ་ལ་ཤུལ་འཛིན་བྱེད་དུ་འཇུག་རྒྱུ་ནི་ཕ་མའི་རང་དབང་ཡིན། དེ་ལ་བུ་བུ་མོ་སུ་ཡིན་རུང་ཐེ་གཏོགས་བྱས་མི་ཆོག དེ་བས་ཁྱོད་མིང་སྲིང་གཉིས་ལ་ཕ་མའི་རྒྱུ་ནོར་བགོ་བཤའ་མ་བྱས་ནའང་རྒན་རྒོན་གཉིས་སྙོར་སྐྱོང་བྱེད་པའི་འོས་འགན་ཡོད།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།