ཀྲུང་གོ་བོད་ཀྱི་དྲ་བ།

དག་ཕྱེ་རྫུས་མ་བཟོས་ནས་གྲགས་ཅན་ཚོང་རྟགས་བཀོད་པ།

ཡོང་ཁུངས། : བོད་ལྗོངས་ཁྲིམས་ལུགས་ཚགས་པར།     སྤེལ་དུས། : 2016-09-06
ཡིག་གཟུགས། :ཆུང་། འབྲིང་། ཆེ།

res08_attpic_big.jpg

འདི་ནི་དག་ཕྱེ་རྫུན་བཟོ་བྱ་ཡུལ་ཡིན་པ།

ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ཉང་བྲན་ཤང་སྤྱི་སོ་གྲོང་ཚོར་དག་ཕྱེ་རྫུས་བཟོ་ཁང་ཞིག་ཡོད་པ་དེའི་རྒྱ་ཁྱོན་ལ་སྨི་ངོས་གྲུ30ཡོད་པ་དང་། ཁ་འཚེམ་འཕྲུལ་འཁོར་དང་ཨང་རྟགས་བཀོད་འཕྲུལ་སོགས་སྟབས་བདེའི་སྒྲིག་ཆས་ལ་བརྟེན་ནས་རྫུས་མ་དང་སྤུས་ཞན་གྱི་དག་ཕྱེ་བཟོ་ཡི་ཡོད་པ་རེད། སྟབས་ལེགས་པ་ཞིག་ལ་ཉིན་ཤས་གོང་། རྫུས་བཟོ་ཁང་དེ་ཉེན་རྟོག་དང་བཟོ་ཚོང་སྡེ་ཚན་གྱིས་མེད་པར་བཟོས་པ་རེད། ཁ་ཉིན་གསར་འགོད་པར་ལྷ་ས་གྲོང་བྱང་བཟོ་ཚོང་ཡན་ལག་ཅུས་ནས་ཤེས་རྟོགས་བྱུང་བར། ཉིན་ཤས་གོང་། ལྷ་སའི་ཉེན་རྟོག་ཕྱོགས་ཀྱིས་བཟོ་ཚོང་སྡེ་ཚན་དང་མཉམ་དུ་ཐའེ་ཙེ་དང་། ལིད་པའེ། ཝུའེ་ཧོང་སོགས་རྟགས་ཅན་གྱི་དག་ཕྱེ་རྫུས་བཟོ་ཁང་ཞིག་གཏོར་ནས་དག་ཕྱེའི་རྒྱུ་ཆ་རྒྱ་མ2050དང་། ཐུམ་བརྒྱབ་ཟིན་པའི་རྫུས་མ་དང་སྤུས་ཞན་གྱི་དག་ཕྱེ་འགྱིག་སྣོད200རྩད་ཆོད་དེ། རང་ས་ནས་དོགས་ཡོད་ཅན་གཅིག་བཟུང་བ་དང་ད་ཆ་གྱོད་གཞི་དེར་ཐག་གཅོད་བྱེད་བཞིན་ཡོད་པ་རེད།

གྱོད་དཔེ།

གོག་རུལ་དུ་སོང་བའི་མཛོད་ཁང་དུ་རྫུན་བཟོ་བྱས་པ།

དེ་སྔོན་དག་ཁུ་རྫུས་མ་ཡོད་པ་དང་ད་ཆ་སླར་ཡང་དག་ཕྱེ་རྫུས་མ་ཐོན་བྱུང་། ཟླ་བདུན་པའི་ཟླ་སྟོད་དུ་ལྷ་ས་གྲོང་ཤར་བཟོ་ཚོང་ཡན་ལག་ཅུས་ཀྱིས་ཉེན་རྟོག་ཕྱོགས་དང་མཉམ་དུ་ལག་ཁྱེར་མེད་པར་དག་ཁུ་བཟོ་བའི་གྱོད་གཞི་ཞིག་རྩད་ཆོད་པ་རེད། ཟླ་8ཚེས་13ཉིན་གྱི་སྔ་དྲོའི་ཆུ་ཚོད་11ཙམ་ལ་ཉང་བྲན་ཤང་མངགས་གཏོང་ཁང་སྤྱི་སོ་སྡེ་ཁུལ་ཉེན་དོན་ཁང་གི་ཉེན་རྟོག་པས་ཁོངས་གཏོགས་ཁུལ་གྱི་མཛོད་ཁང་ལ་གཙང་བཤེར་བྱེད་པའི་སྐབས། སྤྱི་སོ་གྲོང་ཚོའི་མཛོད་ཁང་ཞིག་ནང་དག་ཕྱེ་བཟོ་བཞིན་པ་ཤེས་པ་དང་། ཉེན་རྟོག་པས་ཞིབ་བཤེར་རགས་ཙམ་བྱས་པ་ལས་ཤེས་རྟོགས་བྱུང་བར། དག་ཕྱེ་ལས་སྣོན་ཁང་དེར་ཚོང་རྟགས་གང་གིས་ཀྱང་ལས་སྣོན་དབང་ཆ་སྤྲད་མེད་པ་རེད། དེ་མུར་ཉེན་རྟོག་པས་ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་དཔལ་འབྱོར་མྱུལ་ཞིབ་ཉིང་ལག་རུ་ཁག་དང་ལྷ་ས་གྲོང་བྱང་བཟོ་ཚོང་ཡན་ལག་ཅུས་ལ་འབྲེལ་བ་བྱས་པ་རེད།

ལྷ་ས་གྲོང་བྱང་བཟོ་ཚོང་ཡན་ལག་ཅུས་ཀྱི་འབྲེལ་ཡོད་འགན་འཁུར་བས་ངོ་སྤྲོད་བྱས་དོན། རྫུས་བཟོ་ཁང་དེ་ཧ་ཅང་གོག་རུལ་ཡིན་པ་དང་། རྒྱ་ཁྱོན་ལ་སྨི་ངོས་གྲུ་30ལྷག་ཙམ་ལས་མེད་པ་གང་ཞིག དག་ཕྱེའི་རྒྱུ་ཆ་དང་ཐུམ་སྣོད་གང་འདོད་དུ་དབྱུགས་ལ། དེའི་ནང་དུག་སེལ་དང་འཕྲོད་བསྟེན་འགོག་སྲུང་བྱ་ཐབས་གང་ཡང་སྤྱད་མེད། ས་ཆ་དངོས་ནས་རྩད་ཆོད་པའི་ཁ་འཚེམ་འཕྲུལ་འཁོར་གཅིག་དང་། ཨང་རྟགས་བཀོད་འཕྲུལ་གཅིག རྒྱ་མ་གཅིག་བཅས་རྫུས་བཟོའི་ལག་ཆ་རྙེད་པ་རེད། ཉེས་གསོག་དོགས་ཅན་གྱིས་སྤུས་ཞན་གྱི་རྒྱུ་ཆ་རག་རྗེས། སྟབས་བདེའི་རྒྱ་འགྱོགས་ཁ་འཚེམ་བྱས་པ་བརྒྱུད་རྫུས་བཟོ་བྱས་པའི“གྲགས་ཅན་ཚོང་རྟགས”ཀྱི་དག་ཕྱེ་ཞིག་བཟོས་ཟིན་པ་དང་། ཕྱི་ནས་བལྟས་ཚེ། འཛད་སྤྱོད་པས་བདེན་རྫུན་དབྱེ་འབྱེད་ཤིན་ཏུ་དཀའ།

ཞིབ་བཤེར་བྱེད་རིང་། ཁྲིམས་འཛིན་པས་ས་ཆ་དེ་རང་ནས་དག་ཕྱེ་བཟོ་བཞིན་པའི་དོགས་ཅན་མའོ་ཆེ་གེ་མོ་བཟུང་བ་དང་། འདྲི་རྩད་རགས་ཙམ་བྱས་པ་བརྒྱུད། དོགས་ཅན་མའོ་ཆེ་གེ་མོས་ཁྲིམས་འགལ་ངང་དག་ཕྱེ་བཟོས་པའི་དོན་དངོས་ཁས་བླངས་པ་དང་། བཟོ་ཚོང་ཁྲིམས་འཛིན་པས་ཀྱང་ས་ཆ་དངོས་ནས་པར་བརྒྱབ་སྟེ་དཔང་རྟགས་བླངས་པ་རེད། “གཙང་བཤེར་བྱས་པ་བརྒྱུད། ལས་ཡུལ་དངོས་སུ་དག་ཕྱེའི་རྒྱུ་ཆ་རྒྱ་མ་2050ཡོད་པ་དང་། ཐུམ་བརྒྱབ་ཟིན་པའི་རྫུས་བཟོ་སྤུས་ཞན་གྱི་དག་ཕྱེ་འགྱིག་སྣོད་200ཙམ་ཡོད་པ་དེ་དག་ལིད་པའེ་དང་ཐའེ་ཙེ་སོགས་གྲགས་ཅན་ཚོང་རྟགས་ཀྱི་དག་ཕྱེ་ཡིན་པ་རེད”ཅེས་འགན་འཁུར་བ་དེས་བཤད། ཁོང་གིས། མིག་སྔར། བཟོ་ཚོང་སྡེ་ཚན་གྱིས་དག་ཕྱེ་རྫུས་མ་བཟོ་བྱེད་ཀྱི་རྒྱུ་ཆ་དང་སྒྲིག་ཆས་འཕྲོག་པ་དང་། ཁྲིམས་འཛིན་པས་གྱོད་འབྲེལ་དངུལ་གྲངས་ལ་ཚོད་སྐོར་བྱེད་བཞིན་ཡོད་ལ། གྱོད་གཞིར་ཡང་ཐག་གཅོད་བྱེད་བཞིན་ཡོད་ཅེས་བཤད་བྱུང་།

དྲན་སྐུལ།

བཟོ་ཚོང་སྡེ་ཚན་གྱིས་ཚད་ལྡན་ཚོང་ཁང་ནས་དག་ཕྱེ་ཉོ་དགོས་ཞེས་བརྗོད་པ།

དག་ཕྱེ་ནི་ཁྱིམ་ཚང་དུ་མེད་དུ་མི་རུང་བ་ཞིག་ཡིན་པ་དང་། འཚོ་བའི་ཁྲོད་མི་སེར་ཚོས་ཚོང་ཟོག་རྫུས་མ་ཉོ་རྒྱུ་འགོག་ཕྱིར་ཆེད་མངགས“གྲགས་ཅན་ཚོང་རྟགས”བདམས་ཀྱི་ཡོད་མོད། རྫུས་བཟོ་བྱེད་མཁན་ཁག་གཅིག་གིས་ཆེད་མངགས“ཐའེ་ཙེ”དང་། “ལིད་པའེ” “བྱ་གླགས་རྟགས་ཅན”སོགས་རྒྱལ་ནང་གི་གྲགས་ཅན་ཚོང་རྟགས་རྫུས་བཟོ་བྱེད་ཀྱི་ཡོད་པ་རེད། འགན་འཁུར་བ་དེས། འཛད་སྤྱོད་པས་དག་ཕྱེ་ཉོ་དུས་ཚོང་རྟགས་ངོས་ཟིན་པ་དང་། ཚད་ལྡན་གྱི་ཚོང་ཁང་ནས་ཉོ་བ་ལས། སྒོ་རྩིས་ཚོང་ཁང་གི་རིན་གོང་དང་ཧེ་བག་ཆེ་བའི་དག་ཕྱེ་ཉོ་རྒྱུ་མེད་ལ། ལག་ཁྱེར་མེད་པར་ཚོང་གཉེར་བྱེད་པའི་ཚོང་པ་ཉི་ཚེ་བའི་ས་ནས་ཉོ་རྒྱུ་མེད་པའི་དྲན་སྐུལ་བྱེད་ཀྱི་འདུག

འོ་ན། འཛད་སྤྱོད་པས་སྟབས་བདེའི་བྱ་ཐབས་གང་དག་སྤྱད་ནས་རྫུས་མ་དང་སྤུས་ཞན་གྱི་དག་ཕྱེ་ཡིན་མིན་དབྱེ་འབྱེད་ཐུབ་བམ་ཟེར་ན། གྲོང་ཁུལ་གྱི་སྒོ་རྩིས་ཚོང་ཁང་ཞིག་གི་ཚོང་པས་གསར་འགོད་པར། ཐུམ་སྒྲིལ་ཐོག་ནས་བལྟས་ན། སྤུས་དག་གི་དག་ཕྱེའི་ཐུམ་སྒྲིལ་ཐོག་གི་རི་མོ་ཁ་གསལ་ལ། ཡིག་ནོར་དང་སྣག་རྫོབ་ཐེབས་པའི་ཤུལ་མེད་པ་དང་། གྲགས་ཅན་ཚོང་རྟགས་ལ་རྫུས་པའི་དག་ཕྱེར་ཡིག་ནོར་དང་སྣག་རྫོབ་ཐེབས་ཤུལ་ཡོད་ཅེས་བཤད་བྱུང་།

ཕྱི་ངོས་ནས་བལྟས་ན། རྫུས་བཟོ་བྱས་པའི་དག་ཕྱེའི་ཐོན་སྐྱེད་ཁོར་ཡུག་ཞན་པས། དག་ཕྱེར་བཞའ་ཕོག་སླ་བ་མ་ཟད། དག་ཕྱེའི་སྤུས་ཚད་བརྟན་པོ་མེད་པར། དག་ཕྱེ་རྩིང་པོ་དང་རྡོག་རྡོག་ཆགས་པ་དང་ཚོས་གཞི་ཡང་ཐལ་སེར་མདོག་ཡིན་པ་དང་། ཐུམ་བརྒྱབ་ཟིན་རྗེས་ཀྱི་ལྗིད་ཚད་མ་ལོན་པར་འགྱིག་སྣོད་ལ་སྟོང་ཆ་ལུས་ཆེ་བ་གང་ཞིག ལག་པ་འགྱིག་སྣོད་ལ་རེག་ཚེ་རྩུབ་ཤས་ཆེ་བའི་སྣང་བ་ཡོང་སྲིད། ཚོང་རྟགས་ངོ་མའི་དག་ཕྱེ་ཡིན་ན། འགྱིག་སྣོད་ཚང་མ་ཁེངས་པོ་དང་ཚོས་གཞི་དྭངས་ལ་རྩིང་ཞིབ་སྙོམས་པོ་ཡོད་པ་རེད།

“དེ་མིན་བེད་སྤྱོད་པའི་སྐབས་བདེན་རྫུན་དབྱེ་བ་འབྱེད་ཐུབ་པ་སྟེ། སྤུས་དག་དག་ཕྱེ་ཆུའི་ནང་དུ་བླུགས་ཚེ་བཞུར་མགྱོགས་པ་དང་། ལག་པ་རེག་དུས་འཚིག་པའི་ཚོར་བ་ཡོང་མི་སྲིད་པར། དྭངས་ལ་འཇམ་པོ་ཡོད་པ་གང་ཞིག ལྦུ་བ་མང་བ་དང་དྲེགས་པ་མངོན་གསལ་དུ་དག་པ་མ་ཟད། སྤྱོད་ཚད་ཉུང་ལ་ཕན་ནུས་ཆེ་བ་དང་དྲི་མ་ངར་པོ་མེད། རྫུས་མ་དང་སྤུས་ཞན་གྱི་དག་ཕྱེ་ཆུ་ནང་དུ་བླུགས་དུས་བཞུར་འགོར་བ་དང་། བཞུར་ཁུ་རྙོག་མ་ཡིན་པ། མཐིལ་དུ་བཙོག་དངོས་ཡོད་པ། ལག་པ་རེག་དུས་འཚིག་པའི་ཚོར་བ་ཡོད་པ། ལྦུ་བ་ཉུང་བ། དྲེགས་པ་དག་དཀའ་བ། སྤྱོད་ཚད་མང་དུ་བཏང་ན་ཕན་ནུས་དེ་བས་ཞན་པ་དང་ཆབས་ཅིག སྣ་ལ་བུལ་ཏོག་གི་དྲི་ངར་པོ་ཞིག་བྲོ་ཡི་རེད”ཅེས་ཚོང་པ་དེས་གསར་འགོད་པར་བཤད་བྱུང་། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།