ཀྲུང་གོ་བོད་ཀྱི་དྲ་བ།

རྣམ་གྲངས་འགན་གཙང་ལེན་ཁུལ་བྱས་ཏེ་སྒོར་ཁྲི་བརྒྱ་ཕྲག་ཁ་བསླུས་བརྒྱབ་པ།

ཡོང་ཁུངས། : བོད་ལྗོངས་ཉིན་རེའི་ཚགས་པར།     སྤེལ་དུས། : 2016-07-07
ཡིག་གཟུགས། :ཆུང་། འབྲིང་། ཆེ།

183632380.jpg

དངུལ་ལག་ཏུ་རག་རྗེས་སྐྱེས་པ་གར་སོང་ཆ་མེད་དུ་གྱུར་པ་དང་མཐར་ཉེན་རྟོག་ཕྱོགས་ལ་རང་ཉེས་ངོས་ལེན་ཞུས་པ།    

གྱོད་གཞིའི་གཞི་རྩའི་གནས་ཚུལ།

“ངས་ས་ཆ་ཞིག་གི་སྔོ་འགྱུར་ནགས་བཟོའི་རྣམ་གྲངས་འགན་གཙང་བླངས་པར་ཁེ་བཟང་རག་ངེས་མོད། འོན་ཀྱང་ཉེ་དུས་དངུལ་དཀོན་ཙམ་འདུག་པས། ཁྱེད་ཀྱིས་ང་ལ་དངུལ་ཕྲན་བུ་གཡར་ན་འགྲིག་གམ། དོན་དག་འགྲུབ་རྗེས་རྣམ་གྲངས་དེའི་ཁེ་བཟང་ང་ཚོས་བགོ་བཤའ་རྒྱག་ཆོག གལ་སྲིད་ཁྱེད་རང་གིས་ཀྱང་ལས་ཀ་དེ་བྱེད་འདོད་ན་ངས་ཐབས་ཤེས་བཏང་ནས་སྔོ་འགྱུར་ནགས་བཟོའི་རྣམ་གྲངས་ཤིག་འགན་གཙང་ལེན་རོགས་བྱས་ཆོག”ཅེས་ན་ནིང་གི་ཟླ་བཞི་པར། ཧྥང་ཆེ་གེ་མོས་སྤེན་ལགས་བཙལ་ཏེ་རང་ཉིད་ཀྱིས་ས་ཆ་ཞིག་གི་སྔོ་འགྱུར་ནགས་བཟོའི་རྣམ་གྲངས་འགན་གཙང་བླངས་ནས་ལག་དངུལ་མེད་པར་ཁ་གཡར་ཏེ་སྤེན་ལགས་ཀྱི་ས་ནས་དངུལ་གཡར་བ་རེད།

ཧྥང་ཆེ་གེ་མོའི་སྐད་ཆ་ཉན་རྗེས་སྤེན་ལགས་ཀྱང་སེམས་འགུལ་ཐེབས་ཤིང་། སེམས་སུ“ཧྥང་ཆེ་གེ་མོས་རང་ཉིད་ལ་རྣམ་གྲངས་འགན་གཙང་ལེན་པའི་ཐབས་ཤེས་ཡོད་ན་ངས་ཁོང་ལ་དངུལ་མ་གཡར་ན་འགྲིག་གི་མ་རེད་སྙམ” བསམ་བློ་བཞི་གསུམ་བཅུ་གཉིས་བཏང་རྗེས་སྤེན་ལགས་ཀྱིས་ཧྥང་ཆེ་གེ་མོར་དངུལ་སྒོར་ཁྲི11གཡར་བ་རེད། ཕྱིས་སུ་ཧྥང་ཆེ་གེ་མོས་སླར་ཡང་རྒྱུ་མཚན་སྣ་ཚོགས་ལ་ཁ་གཡར་ནས་སྤེན་ལགས“མ་རྐང”ནང་ཞུགས་ཏེ་མ་དངུལ་གྱིས་རྒྱབ་སྐྱོར་བྱེད་དགོས་ཚུལ་བརྗོད་དེ་བསྟུད་མར་སྤེན་ལགས་ཀྱི་ས་ནས་དངུལ་སྨར་སྒོར་ཁྲི166གཡར་བ་རེད། ཉིན་ཞིག་སྤེན་ལགས་ཀྱིས་ཧྥང་ཆེ་གེ་མོའི་ཁ་པར་བརྒྱབ་ཅིང་འབྲེལ་བ་བྱེད་མ་ཐུབ་པར་ཁོ་པའི་སྡོད་གནས་སུ་བཙལ་བར་ཕྱིན་ཏེ། མི་མེད་པ་ཤེས་སྐབས་རང་ཉིད་ལ་མགོ་སྐོར་བཏང་བ་མིན་ནམ་སྙམ་ཡོད། སྤེན་ལགས་ཡུད་ཙམ་དངངས་སྐྲག་ལངས་ཀྱང་སེམས་རྣལ་དུ་ཕབ་སྟེ་སྤྱི་བདེ་ལས་ཁུངས་སུ་ཉེས་དོན་སྙན་སེང་ཞུ་བར་བསྐྱོད་ཡོད།

ད་ལོའི་ཟླ4ཚེས26ཉིན་ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་ཉེས་དོན་ཉིང་ལག་རུ་ཁག་ཉེས་དོན་མྱུལ་ཞིབ་རུ་ཆེན་གསུམ་པར་གནོད་འཚེ་ཕོག་མཁན་སྤེན་ལགས་ཀྱི་གྱོད་དོན་སྙན་སེང་འབྱོར་ནས། ཧྥང་ཆེ་གེ་མོས་གཞུང་ལམ་གཡས་གཡོན་གྱི་སྔོ་འགྱུར་ནགས་བཟོ་རྒྱུ་མཚན་དུ་བྱས་ནས་དངུལ་སྨར་སྒོར་ཁྲི166མགོ་སྐོར་བཏང་ཚུལ་བརྗོད་དེ་ཞིབ་བཤེར་རྩད་གཅོད་བྱེད་རོགས་ཞེས་ཞུས་ཡོད།

ཉེས་དོན་སྙན་སེང་འབྱོར་རྗེས་ཉེས་དོན་མྱུལ་ཞིབ་རུ་ཆེན་གསུམ་པས་འཕྲལ་མར་མྱུལ་ཞིབ་མི་སྣ་སྒྲིག་འཛུགས་བྱས་ནས་གྱོད་གཞིར་བརྟག་དཔྱད་བྱེད་འགོ་བརྩམས་ཡོད། བརྟག་དཔྱད་ལས་དོན་གོ་རིམ་ལྡན་པའི་ངང་སྒྲུབ་སྐབས་ཉེས་གསོག་དོགས་ཅན་ཧྥང་ཆེ་གེ་མོ་ཟླ6ཚེས5ཉིན་ཉེས་དོན་མྱུལ་ཞིབ་རུ་ཆེན་གསུམ་པར་རང་ཉེས་ངོས་ལེན་ཞུ་བར་ཡོང་བ་རེད།

བརྟག་དཔྱད་དང་འདྲི་ཞིབ་བྱས་པ་བརྒྱུད་ཉེན་རྟོག་ཕྱོགས་ཀྱིས་རྩད་ཆོད་པ་ལྟར་ན། 2015ལོའི་ཟླ4ཚེས10ཉིན་ཉེས་གསོག་དོགས་ཅན་ཧྥང་ཆེ་གེ་མོས་གནོད་འཚེ་ཕོག་མཁན་སྤེན་ལགས་ལ་འབྲེལ་གཏུག་བྱས་ཏེ། སྔོ་འགྱུར་ནགས་གསོའི་རྣམ་གྲངས་ཤིག་འགན་གཙང་བླངས་པའི་རྫུན་ལབ་ཁར། མ་དངུལ་འཁོར་སྐྱོད་མི་ཐུབ་པར་ཁ་གཡར་ནས་སྤེན་ལགས་ནས་སྒོར་ཁྲི11གཡར་བ་དང་། དེ་རྗེས་ཧྥང་ཆེ་གེ་མོས་སླར་ཡང་ཁོ་པས་སྔོ་འགྱུར་ནགས་གསོའི་རྣམ་གྲངས་གཞན་ཞིག་འགན་གཙང་བླངས་ཡོད་ཅེས་རྫུན་བཤད་པ་དང་། གནས་ལུགས་གཅིག་མཚུངས་ལ་བརྟེན་ནས་སྔ་རྗེས་སུ་སྤེན་ལགས་ནས་དངུལ་སྨར་སྒོར་ཁྲི166ཁ་བསླུས་བརྒྱབ་པའི་ཉེས་གསོག་དོན་དངོས་བསྒྲུབས་ཡོད། མིག་སྔར་ཉེས་གསོག་དོགས་ཅན་ཧྥང་ཆེ་གེ་མོ་ཁྲིམས་ལྟར་ཉེས་དོན་བཀག་ཉར་བྱས་ཡོད།

ཉེན་རྟོག་ཕྱོགས་ཀྱི་དྲན་སྐུལ།

ཤེས་རྟོགས་བྱུང་བ་ལྟར་ན། འཛུགས་སྐྲུན་ཨར་སྐྲུན་ཁྱབ་ཁོངས་སུ་ཐོན་པའི་ལས་གྲྭའི་ཆད་དངུལ་གཙང་འཇལ་དང་། འཐུས་མཆན་བཀོད་པའི་ལག་ཁྱེར། གྱོང་གསབ་ལེན་པ་སོགས་ཨར་སྐྲུན་གན་རྒྱ་དང་འབྲེལ་བའི་རྩོད་གཞི་མང་པོའི་ཐད། ཕྱོགས་གཅིག་ནི་ཨར་སྐྲུན་ཁེ་ལས་ཀྱི་ཁྲོམ་རའི་གནས་བབ་དང་འཛུགས་སྐྲུན་ཁྱབ་ཁོངས་ཀྱི་གཉེར་སྐྱོང་གོམས་སྲོལ་དང་ལས་རིགས་གོམས་སྲོལ་སོགས་དཔལ་འབྱོར་རྒྱུ་རྐྱེན་གྱིས་བཟོས་པ་དང་། ཕྱོགས་ཅིག་ཤོས་ནི་དོ་བདག་གིས་གན་རྒྱ་འཇོག་པ་དང་གན་རྒྱ་ལག་བསྟར་བྱེད་རིང་འབྲེལ་ཡོད་ཀྱི་འདུ་ཤེས་དང་། ཤེས་བྱ། ཉམས་མྱོང་བཅས་དཀོན་པའི་དབང་གིས་བྱུང་བ་རེད།

དེའི་ཐད་ལྷ་ས་ཉེན་རྟོག་ཕྱོགས་ཀྱིས་དྲན་སྐུལ་བྱས་པ་ལྟར་ན། བཟོ་སྐྲུན་ལས་གྲྭའི་གན་རྒྱ་སྣ་ཚོགས་མ་བཞག་གོང་བཟོ་ཚོང་སོགས་དབང་བཙན་སྡེ་ཚན་ནམ་རང་ཉིད་ཀྱི་སྤྱི་ཚོགས་འབྲེལ་བ་སོགས་ཐབས་ལམ་མང་པོར་བརྟེན་ནས་ཕ་རོལ་གྱི་བྱེད་པོའི་ཐོབ་ཐང་དང་། ཐོ་འགོད་མ་དངུལ། གཉེར་སྐྱོང་གནས་ཚུལ། ཁ་ཆད་ལག་བསྟར་ནུས་པ་སོགས་གནས་ཚུལ་ངོ་མ་ཤེས་རྟོགས་བྱེད་པ་དང་། ལྷག་དོན་དུ་ཕ་རོལ་པོས་མཁོ་འདོན་བྱས་པའི་འབྲེལ་ཡོད་ཀྱི་ཡིག་ཆ་དང་དཔྱད་ཡིག་སོགས་ལ་བདེན་རྫུན་ཞིབ་དཔྱད་བྱས་ཐོག ཚད་ངེས་ཅན་གྱི་ཐོག་ནས་ལས་གྲྭ་རྫུན་མ་དང་གན་རྒྱ་རྫུན་མ་སོགས་ལས་བྱུང་བའི་གན་རྒྱའི་བསླུ་བྲིད་བསལ་རྒྱུ་དང་། ཚད་ཆེ་ཤོས་ཀྱི་སྒོ་ནས་རང་ཉིད་དང་ཁེ་ལས་ཀྱི་ཁེ་དབང་སྲུང་སྐྱོང་བྱེད་དགོས།

ཁྲིམས་རྩོད་པའི་ཤོད་ཚུལ།

《ཉེས་ཁྲིམས》ཀྱི་དོན་ཚན་ཉིས་བརྒྱ་རེ་དྲུག་པའི་ནང་། སྤྱི་དང་སྒེར་གྱི་རྒྱུ་ནོར་གྲངས་འབོར་མང་ཙམ་ཁ་བསླུས་བརྒྱབ་པར་ལོ་གསུམ་མན་གྱི་དུས་བཀག་བཙོན་འཇུག་དང་། བཀག་ཉར་རམ་ཡང་ན་བཀག་སྡོམ་བྱ་རྒྱུ་མ་ཟད། དངུལ་ཆད་ཀྱང་མཉམ་དུ་གཅོད་པའམ་ཡང་ན་དངུལ་ཆད་རྐྱང་པ་གཅོད་རྒྱུ་དང་། གྲངས་འབོར་མང་བའམ་ཡང་ན་གནས་ཚུལ་ཚབས་ཆེན་གཞན་དག་ཡོད་རིགས་ལ་ལོ་གསུམ་ཡན་དང་ལོ་བཅུ་མན་གྱི་དུས་བཀག་བཙོན་འཇུག་བྱ་རྒྱུ་མ་ཟད། དངུལ་ཆད་ཀྱང་མཉམ་དུ་གཅོད་རྒྱུ། གྲངས་འབོར་ཧ་ཅང་མང་བའམ་ཡང་ན་གནས་ཚུལ་ཚབས་ཆེན་གཞན་དག་ཡོད་རིགས་ལ་ལོ་བཅུ་ཡན་གྱི་དུས་བཀག་བཙོན་འཇུག་གམ་ཡང་ན་ཚེ་བཙོན་འཇུག་རྒྱུ་མ་ཟད། དངུལ་ཆད་མཉམ་དུ་གཅོད་པའམ་ཡང་ན་རྒྱུ་ནོར་གཞུང་བཞེས་གཏོང་རྒྱུའི་གཏན་འབེབས་བྱས་ཡོད།

ད་ལྟ་སྤྱོད་བཞིན་པའི《ཁ་བསླུས་ཀྱི་ཉེས་དོན་གྱོད་གཞི་ཐག་གཅོད་བྱ་རྒྱུར་སྤྱོད་པའི་བཅའ་ཁྲིམས་ཀྱི་ཞིབ་ཕྲའི་གནད་དོན་འགའ་ཞིག་སྐོར་གྱི་ཆེས་མཐོའི་མི་དམངས་ཁྲིམས་ཁང་དང་ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གི་འགྲེལ་བཤད》ནང་། ཁ་བསླུས་ཉེས་གསོག་གི་ཉེས་འབེབས་ཚད་གཞི་ཁ་གསབ་བྱས་ཏེ་སྤྱི་སྒེར་གྱི་རྒྱུ་ནོར་གྱི་རིན་ཐང་སྒོར་སུམ་སྟོང་ནས་ཁྲི་གཅིག་ཡན་དང་། ཁྲི་གསུམ་ནས་ཁྲི་བཅུ་ཡན་དང་། ཁྲི་ལྔ་བཅུ་ཡན་ཁ་བསླུས་བརྒྱབ་ཚེ། དེ་དག་སོ་སོ་རིམ་བཞིན་ཉེས་ཁྲིམས་དོན་ཚན་ཉིས་བརྒྱ་རེ་དྲུག་པའི་ནང་གཏན་འབེབས་བྱས་པའི“གྲངས་འབོར་ཅུང་མང་བ”དང་། “གྲངས་འབོར་མང་བ” “གྲངས་འབོར་ཧ་ཅང་མང་བ”བཅས་ཀྱི་ཁོངས་སུ་ཐེ་བའི་ངོས་འཛིན་དགོས། གྱོད་གཞི་འདིའི་ནང་། ཧྥང་ཆེ་གེ་མོའི་བྱེད་སྤྱོད་དེ“གྲངས་འབོར་ཧ་ཅང་མང་བར”ཐེ་ཡི་ཡོད།

ཡིན་ནའང་། ཧྥང་ཆེ་གེ་མོའི་ཕྱིས་སུ་རང་འགུལ་ངང་ནག་ཉེས་ངོས་ལེན་ཞུས་སྟབས་ཁྲིམས་རྩོད་པ་ལི་ཁྲུན་ཝུའེ་ཡིས“ཁྲིམས་ཁང་གིས་གྱོད་གཞི་འདྲི་དཔྱོད་བྱེད་རིང་། ནག་ཉེས་ངོས་ལེན་ཞུས་ཡོད་མེད་ཀྱི་གནས་ཚུལ་དེས་ཞུ་སྦྱོར་ཕྱི་མར་ནག་ཉེས་ཅི་འདྲ་ཞིག་འགེལ་དགོས་མིན་ཐད་དོན་སྙིང་ཆེན་པོ་ལྡན་ཡོད”པའི་ངོས་འཛིན་བྱས།

ལི་ཁྲུན་ཝུའེ་ཡིས“མ་གཞི་གྱོད་གཞི་འདིར་ཉེས་དོན་འདུམ་འགྲིག་སོགས་ཀྱི་གནས་ཚུལ་ལ་གཞིགས་ནས་ཉེས་ཆད་ཡང་པོའམ་ཡང་དུ་གཏོང་དགོས་མོད་ཀྱང་། ནག་ཉེས་ངོས་ལེན་ཞུས་པའི་གནས་ཚུལ་དེ་ནི་ཞུ་སྦྱོར་ཕྱི་མའི་ཁྲིམས་གཏན་འཁེལ་བའི་ཉེས་ཆད་ལས་བརྒལ་ནས་ཁྲིམས་ཆད་ཡང་དུ་གཏོང་བའི་གནད་ཆེའི་རྒྱུ་རྐྱེན་ཡིན་པ་གོར་མ་ཆག”ཅེས་བཤད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།