ཀྲུང་གོ་བོད་ཀྱི་དྲ་བ།

ནར་མ་སོན་པའི་མིའི་རྒྱུ་ནོར་ཁེ་དབང་ལ་སྲུང་སྐྱོབ་བྱེད་དགོས་པ།

ཡོང་ཁུངས། : མཚོ་སྔོན་བོད་ཡིག་གསར་འགྱུར།     སྤེལ་དུས། : 2016-06-13
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ནམ་རྒྱུན་གྱི་འཚོ་བའི་ཁྲོད་དང་།ནང་སྒོས་སུ་ཁྱིམ་ཚང་ལ་རྐྱེན་ངན་གོད་ཆག་བྱུང་རྗེས་ཀྱི་སྙོར་སྐྱོང་སློབ་གསོ་དང་ཤུལ་ནོར་རྒྱུན་འཛིན་སོགས་ཀྱི་རྩོད་གཞིའི་ཁྲོད།ང་ཚོས་ནར་མ་སོན་པའི་མིའི་རྒྱུ་ནོར་ཁེ་དབང་ལ་གནོད་འཚེ་ཐེབས་པའི་གནས་ཚུལ་རྒྱུན་དུ་མཐོང་ཐུབ།དོན་དངོས་སུ།ནར་མ་སོན་པའི་མི་ལ་མི་དར་མ་དང་འདྲ་མཉམ་གྱི་རྒྱུ་ནོར་ཁེ་དབང་ཡོད།ནར་མ་སོན་པའི་མི་ནི་དམངས་དོན་བྱ་སྤྱོད་ནུས་པ་ཡོངས་རྫོགས་མིད་པའི་མི་ཡིན་པའི་དབང་གིས།དེའི་རྒྱུ་ནོར་ཁེ་དབང་སྲུང་སྐྱོབ་ཐད་རྒྱལ་ཁབ་དང་སྤྱི་ཚོགས།ཁྱིམ་ཚང་བཅས་ཀྱིས་ཐུགས་ཁུར་གང་ལེགས་བྱེད་དགོས།

  “སློབ་གསོའི་གསོག་དངུལ”བྱིས་པར་དབང་བ།

  དཔེར་མཚོན་གྱོད་དོན་དང་པོ།

  བུ་ཆུང་ལོ་གཅིག་ལ་བུད་པ་ནས་བཟུང་།ཤ་བོ་སྐྱིད་དང་མོའི་ཁྱོ་ག་ཚེ་རིང་གཉིས་ཀྱིས་ཟླ་རེ་རེར་བུ་ཆུང་གི་མིང་ཐོག་ཏུ་སྒོར500ཡི་སློབ་གསོའི་གསོག་དངུལ་བཞག་པ་དང་།དེའི་ནང་དུ་བུ་ཆུང་ཟླ་ཁ་གང་སྐབས་གཉེན་ཉེ་རྣམས་ཀྱིས་བྱིན་པའི་སྒོར་མོ་དང་ལོ་རེ་རེའི་ལོ་གསར་སྐབས་ཀྱི་ལོ་སྒོར་སོགས་འདུས།ན་ནིང་གི་ལོ་མཇུག་ཏུ་བཟའ་ཟླ་གཉིས་ཀར་འགལ་བ་བྱུང་སྟེ་བཟའ་འཐོར་བྱས།བཟའ་ཟླའི་ཐུན་མོང་གི་རྒྱུ་ནོར་བགོ་བཤའ་རྒྱག་པའི་སྐབས་སུ།ཚེ་རིང་གི་སེམས་ལ་བུ་ཆུང་ད་རུང་ལོ8ལས་མིད་པས།ཁོའི་མིང་ཐོག་ཏུ་བཞག་པའི་སྒོར་ཁྲི4.6གི་སློབ་གསོའི་གསོག་དངུལ་དེ་ནི་བཟའ་ཟླའི་ཐུན་མོང་གི་རྒྱུ་ནོར་ཡིན་པས་ཆ་སྙོམས་ཀྱིས་བགོས་ན་འགྲིག་པར་འདོད།ཤ་བོ་སྐྱིད་ཀྱི་སེམས་ལ་སྒོར་མོ་དེ་ནི་བྱིས་པར་དབང་བར་འདོད་པས།ཕྱོགས་གཉིས་ཀར་རྩོད་གཞི་དྲག་པོ་བྱུང་།དེ་ན་བཟའ་ཟླ་འཐོར་བའི་སྐབས་སུ། བྱིས་པའི་སློབ་གསོའི་གསོག་དངུལ་སུ་ལ་དབང་བ་དང་སུས་དོ་དམ་བྱས་ན་འགྲིག་གམ།

  བཅའ་ཁྲིམས་ཀྱི་ཁུངས་ལུང་།

  བྱིས་པའི་སློབ་གསོའི་གསོག་དངུལ་དེ་སུ་ལ་དབང་བ་ནི་གཙོ་བོ་ཕ་མས་བུ་ཕྲུག་གི་མིང་ཐོག་ཏུ་གསོག་པའི་སྒོར་མོ་དེ་བྱིན་པའི་ཁོངས་སུ་གཏོགས་མིན་ལ་རག་ལས་ཡོད།བྱིན་པ་ཞེས་པ་ནི་སྟེར་མཁན་གྱིས་རང་ཉིད་ཀྱི་རྒྱུ་ནོར་རིན་མིད་སྒོས་མི་གཞན་ལ་བྱིན་པའི་བྱ་སྤྱོད་དེར་གོ་དགོས།གལ་ཏེ་མི་གཅིག་གིས་བྱིན་པ་དང་མི་གཞན་ཞིག་གིས་བླངས་ན་ཕྱོགས་གཉིས་ཀའི་བར་ལ་བྱིན་པའི་གན་རྒྱ་གྲུབ་པ་རེད། གྱོད་དོན་འདིའི་ནང་གི་ཚེ་རིང་བཟའ་ཟླ་གཉིས་ཀྱི་གཉེན་འབྲེལ་ཁྲོད་ཀྱི་ཡོང་སྒོ་ཡོད་ཚད་ཁོ་གཉིས་ཀྱི་ཐུན་མོང་གི་རྒྱུ་ནོར་ཡིན་ལ།ཟླ་རེར་སྒོར500རེ་བླངས་ཏེ་བྱིས་པའི་མིང་ཐོག་ཏུ་དངུལ་ཁང་དུ་བཞག་ནས།བྱིས་པའི་སློབ་གསོ་ཐད་བཀོལ་རྒྱུའི་ཐག་བཅད་པ་དེ་ལ་བལྟས་ན།ཁོ་ཚོའི་བྱ་སྤྱོད་དེ་ནི་བྱིན་པའི་ཁོངས་སུ་གཏོགས་པ་ཤེས་ཐུབ།ཁོ་ཚོའི་བུ་ཆུང་ད་རུང་ལོ8མ་གཏོགས་མིད་པས།དམངས་དོན་བྱ་སྤྱོད་ཀྱི་ནུས་པ་མིད་པའི་ཁོངས་སུ་གཏོགས་ཤིང་།གཉེན་ཐོར་རྗེས་གལ་ཏེ་བྱིས་པ་ཤ་བོ་སྐྱིད་ཀྱིས་སྙོར་སྐྱོང་བྱེད་དགོས་ན།སློབ་གསོའི་གསོག་དངུལ་དེ་ཡང་ཤ་བོ་སྐྱིད་ཀྱིས་དོ་དམ་བྱེད་པར་འོས།ཚེ་རིང་གིས་འདྲ་མཉམ་སྒོས་བགོ་བཤའ་བརྒྱག་དགོས་པའི་རེ་བ་བཏོན་པ་དེར་བཅའ་ཁྲིམས་ཀྱི་གཞི་འཛིན་ས་མིད་དོ།།

  བྱིན་དངོས་དང་ལེན་བྱེད་རྒྱུའི་ཁེ་དབང་ཡོད་པ།

  དཔེར་མཚོན་གྱོད་དོན་གཉིས་པ།

  ལོ་གཉིས་ཀྱི་སྔོན་ལ།ཚ་བོའི་སློབ་སྦྱོང་གི་གྲུབ་འབྲས་ཡར་ཐོན་འབྱུང་བར་སྐུལ་མ་གཏོང་རྒྱུའི་ཆེད་དུ།ཨ་ནེ་ཚེ་སྐྱིད་ཀྱིས་སྒོར8000ཚ་བོ་དབང་རྒྱལ(ལོ12)གྱི་མིང་ཐོག་ཏུ་བཞག ན་ནིང་གི་ལོ་མཇུག་ཏུ།ཨ་ནེ་ཚེ་སྐྱིད་ཚེ་ལས་འདས་སྐབས།སྒོར་ཁྲི3གྱི་གསོག་དངུལ་བཞག་ཡོད།ཤུལ་ནོར་བགོ་བཤའ་རྒྱག་པའི་སྐབས་སུ།ཨ་ནེ་ཚེ་སྐྱིད་ཀྱི་བུ་གསུམ་པོ་དེའི་ཐད་ནས་འགལ་བ་བྱུང་།བུ་ཆེ་བའི(དབང་རྒྱལ་གྱི་ཕ)སེམས་ལ་བུའི་མིང་ཐོག་གི་སྒོར8000དེ་ནི་བུ་ཆུང་དབང་རྒྱལ་ལ་དབང་བ་དང་། འཕྲོ་མའི་སྒོར་ཁྲི2.2ཡོད་པ་ད་གཟོད་ཤུལ་ནོར་ཡིན་པས་སྤུན་གསུམ་པོར་ཆ་སྙོམས་ཀྱིས་བགོ་བཤའ་བརྒྱག་དགོས་པར་འདོད།ཁོའི་སྤུན་ཆུང་གཉིས་ཀའི་སེམས་ལ་དབང་རྒྱལ་ནི་ནར་མ་སོན་པའི་མི་ཡིན་པ་དང་།བྱིན་དངོས་དང་ལེན་བྱེད་རྒྱུའི་དབང་ཆ་མིད་པས།ཤུལ་ནོར་སྒོར་ཁྲི3པོ་ཁོ་ཚོར་ཆ་སྙོམས་ཀྱིས་བགོ་དགོས་པར་འདོད།མཇུག་མཐར་ཁྲིམས་ཁང་ལ་གཏུགས།ཁྲིམས་ཁང་གིས་བདག་སྤྲོད་བྱས་རྗེས།དབང་རྒྱལ་གྱི་མིང་ཐོག་ཏུ་བཞག་ཡོད་པའི་སྒོར་མོ་དེ་ནི་དབང་རྒྱལ་ལ་དབང་བ་དང་།འཕྲོ་མའི་སྒོར་ཁྲི2.2ནི་ད་གཟོད་ཁྲིམས་ལྟར་རྒྱུན་འཛིན་བྱེད་དགོས་པ་ཐག་བཅད།

  བཅའ་ཁྲིམས་ཀྱི་ཁུངས་ལུང་།

  བྱིན་དངོས་དང་ལེན་བྱེད་པ་དེ་ནི་དམངས་དོན་བཅའ་ཁྲིམས་ཀྱི་བྱ་སྤྱོད་ཅིག་ཡིན་ལ།དམངས་དོན་བཅའ་ཁྲིམས་ཀྱི་བྱ་སྤྱོད་དེ་གྲུབ་ཡོད་མིད་ནི་གཙོ་བོ་བྱ་སྤྱོད་མིའི་དམངས་དོན་བྱ་སྤྱོད་ནུས་པ་དང་འབྲེལ་བ་དམ་པོ་ཡོད།དམངས་ཁྲིམས་སྤྱི་སྲོལ་ནང་དུ“ལོ10ཡན་གྱི་ནར་མ་སོན་པའི་མི་ནི་དམངས་དོན་བྱ་སྤྱོད་ནུས་པར་ཚོད་འཛིན་ཐེབས་པའི་མི་ཡིན་པས།

  ཁོའི་ལོ་ཚོད་དམ་རིག་སྟོབས་དང་མཐུན་པའི་དམངས་དོན་བྱ་འགུལ་དུ་ཞུགས་ཆོག་ལ།དམངས་དོན་བྱ་འགུལ་གཞན་པ་ནི་ཁོའི་ཁྲིམས་བཀོད་འཐུས་ཚབ་པས་ཚབ་སྒྲུབ་བྱེད་དགོས་པ་དང་།ཡང་ན་ཁྲིམས་བཀོད་འཐུས་ཚབ་པའི་བསམ་འཆར་སྡུད་ལེན་བྱེད་དགོས་པ”གཏན་འཁེལ་བྱས་ཡོད།《ཆེས་མཐོ་མི་དམངས་ཁྲིམས་ཁང་གི〈དམངས་ཁྲིམས་སྤྱི་སྲོལ〉གྱི་གནད་དོན་འགའ་ལག་ལེན་མཐར་ཕྱིན་བྱེད་དགོས་པའི་སྐོར་གྱི་བསམ་འཆར》ནང“དམངས་དོན་བྱ་སྤྱོད་ཀྱི་ནུས་པ་མིད་པ་དང་དམངས་དོན་བྱ་སྤྱོད་ཀྱི་ནུས་པར་ཚོད་འཛིན་ཐེབས་པའི་མིས་བྱ་དགའ་དང་བྱིན་དངོས།གླ་ཆ་སོགས་དང་ལེན་བྱེད་སྐབས།མི་གཞན་པས་དེ་ལ་དམངས་དོན་བྱ་སྤྱོད་ཀྱི་ནུས་པ་མིད་པ་དང་ཡང་ན་དམངས་དོན་བྱ་སྤྱོད་ཀྱི་ནུས་པར་ཚོད་འཛིན་ཐེབས་པར་ཁ་གཡར་མི་ཆོག་པ”དང་།“སྟེར་མཁན་གྱིས་བྱིན་པའི་དངོས་པོ་དེ་ནར་མ་སོན་པའི་མི་དེར་བྱིན་ཟིན་པ་གསལ་པོར་བཤད་ཡོད་ན།བྱིན་དངོས་དེ་ནི་ནར་མ་སོན་པའི་མི་དེའི་སྒེར་གྱི་རྒྱུ་ནོར་ཡིན”པ་གཏན་འཁེལ་གསལ་པོ་བྱས་ཡོད།གྱོད་དོན་འདིའི་ཁྲོད་ཀྱི་ཨ་ནེ་ཚེ་སྐྱིད་ཀྱིས་ཚ་བོ་དབང་རྒྱལ་ལ་བྱིན་པའི་སྒོར8000པོ་དེ་ནི་དབང་རྒྱལ་གྱི་སྒེར་གྱི་རྒྱུ་ནོར་ཡིན་ནོ།།

  རྒྱུན་འཛིན་དབང་ཆ་ཡོད་པ།

  དཔེར་མཚོན་གྱོད་དོན་གསུམ་པ།

  ན་ནིང་གི་ལོ་མཇུག་ཏུ།དབྱངས་སྐྱིད་སྒྲོལ་མའི་ཁྱོ་ག་མཐོ་འཛེགས་ལས་སྒྲུབ་ལ་ཞུགས་པའི་སྐབས་སྟབས་མ་ལེགས་པར་ཐང་ལ་ལྷུང་ནས་ཚེ་ལས་འདས་སོང་།སྒྱུག་པོ་དང་སྒྱུག་མོ་གཉིས་ཀྱིས་མནའ་མས་ཚ་བོ་བཀྲ་ཤིས་ཁྲིད་དེ་ཡང་བསྐྱར་གནས་ལ་འགྲོ་བར་དོགས་ནས།སྒོར་ཁྲི74ཡི་སྐྱིན་ཚབ་དངུལ་ཡོངས་རྫོགས་ཁོ་གཉིས་ཀྱིས་དོ་དམ་བྱས་ཏེ་མནའ་མར་མ་བྱིན་པ་རེད།སྐྱིན་ཚབ་དེའི་ཆེད་དུ་ཁོ་ཚོའི་བར་འགལ་བ་ཆེན་པོ་བྱུང་བ་དང་།དབྱངས་སྐྱིད་སྒྲོལ་མས་ཐེངས་མང་པོར་དེད་ཀྱང་མ་བྱིན་པས།མཇུག་མཐར་དབྱངས་སྐྱིད་སྒྲོལ་མ་བུ་ཆུང་བཀྲ་ཤིས་ཀྱི་ཚབ་བྱས་ཏེ་ཁྲིམས་ཁང་ལ་གཏུགས།

  བཅའ་ཁྲིམས་ཀྱི་ཁུངས་ལུང་།

  ཕ་མ་ཚེ་ལས་འདས་རྗེས།བུ་ཕྲུག་ནར་སོན་ཡོད་མིད་གང་ཡིན་རུང་རྒྱུན་འཛིན་བྱེད་རྒྱུའི་དབང་ཆ་ཡོད་ལ།ཕ་མས་རྒྱུན་འཛིན་བྱས་པའི་རྒྱུ་ནོར་གྱི་བདག་དབང་ཡང་བུ་ཕྲུག་ལ་དབང་བ་རེད།《ཆེས་མཐོ་མི་དམངས་ཁྲིམས་ཁང་གི་མི་ལུས་གནོད་འཚེ་ལ་སྐྱིན་ཚབ་འཇལ་བའི་གྱོད་དོན་བདག་སྤྲོད་བྱེད་སྐབས་སྤྱོད་པར་འཚམ་པའི་བཅའ་ཁྲིམས་ཀྱི་གནད་དོན་འགའི་སྐོར་གྱི་འགྲེལ་བཤད》ཀྱི་དོན་ཚན17པའི་ཁོད་ཚན་གསུམ་པའི་གཏན་འཁེལ་ལྟར་ན།གནོད་འཚེ་ཐེབས་མཁན་ཚེ་ལས་འདས་ན།སྐྱིན་ཚབ་འཇལ་བའི་འགན་འཁྲི་ཡོད་པའི་མིས་མྱུར་སྐྱོབ་གསོ་བཅོས་ཀྱི་གནས་ཚུལ་ལྟར་དོན་ཚན་འདིའི་ཁོད་ཚན་དང་པོར་གཏན་འཁེལ་བྱས་ཡོད་པའི་འབྲེལ་ཡོད་གྲོན་དངུལ་ལས་གཞན་ད་རུང་དུར་འཇུག་གྲོན་དངུལ་དང་སྙོར་སྐྱོང་བྱ་ཡུལ་གྱི་འཚོ་བའི་གྲོན་དངུལ།ཚེ་ལས་འདས་པའི་སྐྱིན་ཚབ་དངུལ།གནོད་འཚེ་ཐེབས་མཁན་གྱི་ཉེ་མིའི་དུར་འཇུག་བྱེད་སྐབས་ཀྱི་འགྲིམ་འགྲུལ་གྲོན་དངུལ་དང་ཞག་སྡོད་གྲོན་དངུལ།ལས་ཆག་གྲོན་དངུལ་སོགས་ལུགས་མཐུན་གྲོན་དངུལ་གཞན་པ་ཡོངས་རྫོགས་འཇལ་བའི་འགན་འཁུར་དགོས།《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ནར་མ་སོན་པའི་མིར་སྲུང་སྐྱོབ་བཅའ་ཁྲིམས》ཀྱི་དོན་ཚན52པའི་ནང་དུ“མི་དམངས་ཁྲིམས་ཁང་གིས་རྒྱུན་འཛིན་གྱོད་དོན་བདག་སྤྲོད་བྱེད་སྐབས།ངེས་པར་ཁྲིམས་ལྟར་ནར་མ་སོན་པའི་མིའི་རྒྱུན་འཛིན་ཁེ་དབང་ལ་སྲུང་སྐྱོབ་བྱེད་དགོས་པ”གཏན་འཁེལ་བྱས་ཡོད།།

རྩོམ་སྒྲིག་པ། : ཀླུ་མོ་མཚོ།