ཀྲུང་གོ་བོད་ཀྱི་དྲ་བ།

ཁེ་ཆུང་འོག་ན་གྱོང་ཆེན་ཡོད། སློབ་གསོ་བརྒྱ་ལས་སྣ་སུན་ལྷག

ཡོང་ཁུངས། : བོད་ལྗོངས་ཁྲིམས་ལུགས་ཚགས་པར།     སྤེལ་དུས། : 2016-05-11
ཡིག་གཟུགས། :ཆུང་། འབྲིང་། ཆེ།

མལ་གྲོ་གུང་དཀར་རྫོང་སྤྱི་བདེ་ཅུས་ཉེས་དོན་ཉེན་རྟོག་རུ་ཆེན་གྱིས་ལས་ཀའི་ཁྲོད་ནས་གནས་ཚུལ་འདི་འདྲ་ཞིག་ཤེས་པ་སྟེ། རྫོང་དེའི་རུ་ཐོག་ཤང་གི་རླངས་འཁོར་རུ་ཁག་ཅིག་གིས་ལྷ་ཉིང་རིམ་མཐོའི་གཞུང་ལམ་བཟོ་མཁན་ལ་གཏན་འཁེལ་གྱི་བྱེ་རྡོ་ར་བ་ནས་བྱེ་རྡོ་ཉོ་བ་དང་གཏན་འཁེལ་གྱི་རླངས་འཁོར་གྱིས་དབོར་དགོས་པའི་ཁྲིམས་འགལ་བཙན་ཤེད་བཏང་བའི་བྱ་སྤྱོད་ཅིག་ཐོན་ཞིང་། དེས་སྤྱི་ཚོགས་ཐོག་ཤུགས་རྐྱེན་ངན་པ་བཟོས་ལ་ཁྲིམས་དང་ཡང་འགལ་བའི་ཁར་ཨར་སྐྲུན་རྣམ་གྲངས་གཙོ་བོ་གཞན་རྒྱུན་གཏན་བཞིན་སྤེལ་རྒྱུར་ཡང་ཤན་ངན་པ་ཞུགས་ཡོད། དེས་ན་མལ་གྲོ་གུང་དཀར་རྫོང་སྤྱི་བདེ་ཅུས་ཀྱིས་ཆེད་མི་སྒྲིག་འཛུགས་བྱས་ནས་བརྟག་དཔྱད་མཐར་ཕྱིན་པར་བྱས།

ཉེན་རྟོག་ཕྱོགས་ཀྱིས་ཤེས་རྟོགས་བྱས་པ་ལྟར་ན། མལ་གྲོའི་རུ་ཐོག་ཤང་གི་རླངས་འཁོར་རུ་ཁག་དེར་རླངས་འཁོར277ཡོད་པ་དེ་དག་གི་བདག་པོ་ཚང་མ་ཤང་དེ་གའི་མང་ཚོགས་ཡིན་པ་དང་། དེའི་ནང་གི་མི་དྲུག་གིས་རུ་ཁག་གི་རྒྱུན་གཏན་ལས་ཀའི་འགན་འཁུར་བ་དང་བྱམས་དང་སྤེན་ཆེ་གེ་མོ་ནི་ཁོང་ཚོའི་ཁྲོད་ཀྱི་འགན་འཁུར་མཁན་ཡིན་པ་རེད།

ལུགས་དང་མ་མཐུན་པའི་ཁེ་བཟང་ལེན་ཆེད། བྱམས་དང་སྤེན་ཆེ་གེ་མོས་ཨར་སྐྲུན་བྱེད་མཁན་ལ་ལས་ཡུལ་གཉིས་ལ་སྤྱོད་པའི་བྱེ་མ་ངེས་པར་དུ་ཁོང་ཚོས་གཏན་འཁེལ་བྱས་པའི་བྱེ་རྡོ་ར་བ་ནས་ལེན་དགོས་པ་མ་ཟད། དབོར་མཁན་རླངས་འཁོར་ཡང་རུ་ཐོག་རླངས་འཁོར་རུ་ཁག་གིས་དབོར་འགན་འཁུར་དགོས་པ་ལས་གཞན་གྱི་རླངས་འཁོར་གཏོང་མི་ཆོག་པའི་རེ་བ་བཏོན་ཡོད།

བརྟག་དཔྱད་བྱས་པ་བརྒྱུད། གོང་གསལ་ཁོང་ཚོས་གཏན་འཁེལ་བྱས་པའི་བྱེ་རྡོ་ར་བ་དེའི་འགན་འཁུར་མཁན་ནི་བྱམས་ཆེ་གེ་མོའི་གཅེན་པོ་ཡིན་པ་རེད།

ཨར་སྐྲུན་ལས་ཀ་བདེ་བླག་ཡོང་ཆེད། ཨར་སྐྲུན་བྱེད་མཁན་གྱིས་ཁོང་གཉིས་པོས་བཤད་པ་ཁས་བླངས་ཐོག2016ལོའི་ཟླ2པ་ནས4པ་བར་རུ་ཐོག་རླངས་འཁོར་རུ་ཁག་གི་རླངས་འཁོར་གྱིས་གཏན་འཁེལ་བྱས་པའི་བྱེ་རྡོ་ར་བ་ནས་བྱེ་མ་དབོར་རྒྱུ་ཁས་བླངས།

བརྟག་དཔྱད་དང་དཔང་ལེན་བྱས་པར་གཞིགས་ཚེ། རུ་ཐོག་རླངས་འཁོར་རུ་ཁག་གི་རུ་དཔོན་བྱམས་དང་སྤེན་ཆེ་གེ་མོས་དེ་གོང་གཏན་འཁེལ་གྱི་བྱེ་རྡོ་ར་བ་ནས་བྱེ་མ་དབོར་བ་དང་གཏན་འཁེལ་བྱས་པའི་རླངས་འཁོར་རུ་ཁག་གི་རླངས་འཁོར་གྱིས་དབོར་དགོས་པ་བཤད་པ་དེ་བཙན་ཐབས་ཀྱིས་ཉོ་ཚོང་བྱེད་དུ་བཅུག་པའི་ཁྲིམས་འགལ་བྱེད་སྤྱོད་ཅིག་ཡིན་པར་བརྟེན་གྱོད་དོན་དེར་ཞིབ་བཤེར་དང་དབྱེ་འབྱེད་ནན་པོ་བྱས་པའི་ཁར། བཙན་ཐབས་ཀྱིས་ཉོ་ཚོང་བྱེད་དུ་བཅུག་པའི་བརྒྱུད་རིམ་ནང་། མི་གཉིས་པོས་གཏུམ་སྤྱོད་དང་འཇིགས་སྐུལ་གྱི་བྱ་ཐབས་སྤེལ་མེད་པ་དང་། ཨར་སྐྲུན་མཁན་ལ་ཐད་ཀའི་དཔལ་འབྱོར་གྱོང་གུན་ཡང་བཟོས་མེད་པ་མ་ཟད། ངོས་ལེན་གྱི་རྣམ་འགྱུར་དྲང་ཞིང་ཁྲིམས་འགལ་གྱི་དོན་དངོས་ཁས་ལེན་དང་སྤྱི་བདེ་ལས་ཁུངས་ཀྱི་བརྟག་དཔྱད་ལས་ཀར་གཞོགས་འདེགས་བྱས་པས་མལ་གྲོ་གུང་དཀར་རྫོང་སྤྱི་བདེ་ཅུས་ཀྱིས《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བདེ་འཇགས་དོ་དམ་ཆད་གཅོད་བཅའ་ཁྲིམས》ཀྱི་དོན་ཚན་ཞེ་དྲུག་ནང“བཙན་ཤེད་ཀྱིས་ཚོང་ཟོག་ཉོ་ཚོང་བྱེད་དུ་བཅུག་པ་དང་བཙན་ཤེད་ཀྱིས་གཞན་ལ་ཞབས་ཞུ་བྱེད་དུ་བཅུག་པའམ་ཡང་ན་བཙན་ཤེད་ཀྱིས་གཞན་ལ་ཞབས་ཞུ་དང་ལེན་བྱེད་དུ་བཅུག་རིགས་ལ་ཉིན་ལྔ་ཡན་ནས་བཅུ་མན་གྱི་བཀག་ཉར་བྱ་རྒྱུ་དང་དངུལ་ཆད་སྒོར200ཡན་ནས500མན་གཏོང་རྒྱུ། གནས་ཚུལ་ཚབས་ཆུང་རིགས་ལ་ཉིན་5མན་གྱི་བཀག་ཉར་བྱ་རྒྱུའམ་ཡང་ན་དངུལ་ཆད་སྒོར500མན་གཏོང་རྒྱུའི”གཏན་འབེབས་ལྟར་བྱམས་དང་སྤེན་ཆེ་གེ་མོའི་བྱེད་སྤྱོད་དེ་གནས་ཚུལ་ཅུང་ཡང་བར་གཏོགས་པས་རུ་ཐོག་ཤང་མངགས་གཏོང་ཁང་གིས་བྱམས་དང་སྤེན་ཆེ་གེ་མོ་ཉིན་ལྔ་བཀག་ཉར་བྱས་ནས་བདེ་འཇགས་དོ་དམ་གྱི་ཆད་པ་བཅད་པ་རེད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།