ཀྲུང་གོ་བོད་ཀྱི་དྲ་བ།

གཞན་གྱིས་ངའི་ཚབ་ཏུ་ངལ་རྩོལ་གན་རྒྱ་བཞག་ན་ཁ་གསབ་དངུལ་སྟེར་དགོས་པའི་རེ་འདུན་བཏོན་ཆོག་གམ།

ཡོང་ཁུངས། : མཚོ་སྔོན་བོད་ཡིག་གསར་འགྱུར།     སྤེལ་དུས། : 2016-04-27
ཡིག་གཟུགས། :ཆུང་། འབྲིང་། ཆེ།

བློ་མཐུན་རྩོམ་སྒྲིག་པ་ལགས།

ངས་ཀུང་ཟི་ཞིག་ཏུ་བྱ་བ་གཉེར་བཞིན་ཡོད་མོད།འོན་ཀྱང་ངལ་རྩོལ་གན་རྒྱ་བཞག་མིད།རྒྱུ་རྐྱེན་མང་པོ་ཞིག་གི་དབང་གིས།ང་རང་ལས་ཀར་ཞུགས་ནས་ཟླ་བ7འགོར་རྗེས་གླ་ཁོངས་ནས་ཕུད།ངས་ཀུང་ཟི་ལ་ངལ་རྩོལ་གན་རྒྱ་མ་བཞག་པའི་ལྡབ་གཉིས་ཀྱི་ཟླ་ཕོགས་དང་ཁ་གསབ་དངུལ་སྟེར་དགོས་པའི་རེ་བ་འདོན་རྩིས་ཡོད་མོད།འོན་ཀྱང་ཀུང་ཟིས་ངའི་མིང་རྟགས་བཀོད་ཟིན་པའི་ངལ་རྩོལ་གན་རྒྱ་ཞིག་ང་ལ་བསྟན།མ་གཞི་ཀུང་ཟིས་ལས་གྲོགས་གཞན་པ་ཞིག་ལ་ངའི་ཚབ་བྱས་ཏེ་ངལ་རྩོལ་གན་རྒྱ་འཇོག་ཏུ་བཅུག་པ་དང་།རྗེས་སུ་དེའི་སྐོར་ང་ལ་བཤད་མྱོང་བ་ཡིན།འདིར་འདྲི་རྒྱུ་ཞིག་ནི།གཞན་གྱིས་ངའི་ཚབ་ཏུ་བཞག་པའི་ངལ་རྩོལ་གན་རྒྱ་དེ་ནུས་ལྡན་ཡིན་ནམ།

  ཀློག་པ་པོ་ཀླུ་བྱམས་ནས།

བློ་མཐུན་ཀླུ་བྱམས་ལགས།

ངལ་རྩོལ་གན་རྒྱའི་བཅའ་ཁྲིམས་དང་འབྲེལ་ཡོད་གཏན་ཁེལ་ལྟར་ན།མི་བཀོལ་སྡེ་ཁག་གིས་ངལ་རྩོལ་པ་ལས་ཀར་ཞུགས་པའི་ཟླ་གཅིག་གི་ནང་ངལ་རྩོལ་པར་ངལ་རྩོལ་གན་རྒྱ་འཇོག་དགོས་པར་མ་ཟད།ངེས་པར་ངལ་རྩོལ་པ་རང་ཉིད་ལ་མིང་རྟགས་འགོད་དུ་འཇུག་དགོས།གལ་ཏེ་མི་གཞན་གྱིས་ཚབ་བྱས་ཏེ་འཇོག་དགོས་པ་བྱུང་ན།ངེས་པར་དེ་བསྟུན་གྱི་དབང་བསྐུར་མངག་བཅོལ་ཡི་གེ་འདོན་དགོས་ལ།དབང་བསྐུར་ཡི་གེ་མིད་ན་ངལ་རྩོལ་གན་རྒྱ་བཞག་རྗེས་ངལ་རྩོལ་པར་ངོས་འཛིན་བྱེད་དུ་འཇུག་དགོས།དེ་ལྟར་བྱས་ན་ངལ་རྩོལ་གན་རྒྱ་དེར་ད་གཟོད་ནུས་པ་ཡོད།གྱོད་དོན་འདིའི་ནང་གི་ཀུང་ཟིས་ཁྱོད་ཀྱི་ལས་གྲོགས་ལ་ཁྱོད་ཀྱི་ཚབ་ཏུ་ངལ་རྩོལ་གན་རྒྱ་འཇོག་ཏུ་བཅུག་པ་དེ་ཁྱོད་ཀྱིས་ཤེས་ཡོད་ནའང་།ཀུང་ཟི་ལ་ཁྱོད་ཀྱི་མངག་བཅོལ་གསལ་བོ་མིད་པ་དང་།གཞན་གྱིས་བཞག་པའི་ངལ་རྩོལ་གན་རྒྱ་དེར་ཁྱོད་ཀྱིས་རྗེས་སུའང་ངོས་འཛིན་བྱས་མིད་པས།ངལ་རྩོལ་གན་རྒྱ་དེ་ནི་ནུས་མིད་ཀྱི་གན་རྒྱ་ཡིན།ཁྱོད་རང་ཀུང་ཟིས་གླ་ཁོངས་ནས་ཕུད་རྗེས།གོང་གི་ལངས་ཕྱོགས་དེ་དག་རྒྱུན་འཁྱོངས་བྱ་ཆོག་གོ།

རྩོམ་སྒྲིག་པ། : ཀླུ་མོ་མཚོ།