《“བརྒྱད་ལྔའི”བཅའ་ཁྲིམས་ཁྱབ་གདལ་ཤེས་བྱའི་དྲི་བ200》(བཅོ་ལྔ་པ)

71.ཀ་པ་དང་ཁ་པ་གཉིས་ཁྱོ་ཤུག་ཡིན་ལ། ཀ་པའི་ཨ་མ་སྐྲན་ནད་བྱུང་བ་དང་། ཁ་པ་སྨན་རིན་སྟེར་བར་འཐད་པ་མ་བྱུང་ན། ཀ་པས་ཐུན་མོང་གི་རྒྱུ་ནོར་བགོ་དགོས་པའི་རེ་བ་བཏོན་ཆོག་གམ།

ཆོག་སྟེ། དམངས་དོན་ཁྲིམས་གཞུང་གི་དོན་ཚན་སྟོང་གཅིག་དྲུག་བརྒྱ་རེ་དྲུག་ལས་གཏན་འབེབས་བྱས་དོན། གཉེན་སྒྲིག་འབྲེལ་བ་ཡོད་པའི་སྐབས་སུ། གཤམ་གྱི་གནད་དོན་རིགས་ཡོད་ན། ཁྱོ་ཤུག་ཕྱོགས་གཅིག་གིས་མི་དམངས་ཁྲིམས་ཁང་ལ་ཐུན་མོང་གི་རྒྱུ་ནོར་བགོ་བའི་རེ་བ་བཏོན་ཆོག

གཅིག ཕྱོགས་གཅིག་ལ་ཁྱོ་ཤུག་ཐུན་མོང་གི་རྒྱུ་ནོར་གསང་བ་དང་། སྐོར་བ། ཚོང་སྒྱུར། བརླག་པ། བག་མེད་ལོངས་སྤྱོད་བྱས་པའམ། ཁྱོ་ཤུག་ཐུན་མོང་བུ་ལོན་རྫུན་བཟོ་སོགས་ཁྱོ་ཤུག་ཐུན་མོང་རྒྱུ་ནོར་ཁེ་ཕན་ལ་གནོད་པའི་རིགས།

གཉིས། ཕྱོགས་གཅིག་ལ་ཁྲིམས་གཏན་གསོ་སྐྱོང་འོས་འགན་ཡོད་པའི་ནད་པ་ལྗིད་མོ་གསོ་བཅོས་བྱེད་དགོས་པར། ཕྱོགས་གཞན་པ་སྨན་རིན་སྟེར་བར་མི་འཐད་པའི་རིགས།

72.དམའ་འབྲིང་སློབ་མ་ཞའོ་མིང་གི་ཕ་མས་གསོ་སྐྱོང་འོས་འགན་ལག་བསྟར་མ་བྱས། ཁོས་ཕ་མས་གསོ་སྐྱོང་དངུལ་སྟེར་དགོས་པའི་རེ་བ་བཏོན་ཆོག་གམ།

ཆོག་སྟེ། ཕ་མས་གསོ་སྐྱོང་འོས་འགན་ལག་བསྟར་མ་བྱས་ན། ནར་མ་སོན་པའམ། སྒེར་ཚུགས་ཀྱིས་འཚོ་བ་རོལ་མི་ཐུབ་པའི་བུ་ཕྲུག་གིས་ཕ་མས་གསོ་སྐྱོང་སྟེར་བའི་རེ་བ་འདོན་པའི་དབང་ཆ་ཡོད།

73.རྒན་པའི་འཚོ་བར་དཀའ་ངལ་ཡོད་ན། བུ་ཕྲུག་ལ་རྒན་གསོ་བྱེད་དགོས་པའི་རེ་བ་བཏོན་ཆོག་གམ།

ཆོག་སྟེ། ནར་སོན་པའི་བུ་ཕྲུག་གིས་རྒན་གསོ་འོས་འགན་ལག་བསྟར་མ་བྱས་ན། ངལ་རྩོལ་ནུས་པ་མེད་པའམ་འཚོ་བར་དཀའ་ངལ་ཡོད་པའི་ཕ་མས། ནར་སོན་པའི་བུ་ཕྲུག་ལ་རྒན་གསོ་དངུལ་སྟེར་དགོས་པའི་རེ་བ་བཏོན་ཆོག

74.ཕ་མ་འདས་ཟིན་ན། ཕུ་བོ་དང་ཨ་ཅེ་ལ་ནུ་བོ་ནུ་མོ་གསོ་སྐྱོང་བྱེད་པའི་འོས་འགན་ཡོད་དམ།

དམངས་དོན་ཁྲིམས་གཞུང་གི་དོན་ཚད་སྟོང་གཅིག་དོན་ལྔ་ལས་གཏན་འབེབས་བྱས་དོན། འགན་ཁུར་ནུས་པ་ལྡན་པའི་ཕུ་བོ་དང་ཨ་ཅེ་ལ། ཕ་མ་འདས་ཟིན་པའམ་ཕ་མར་གསོ་སྐྱོང་ནུས་པ་མེད་པའི་ནུ་བོ་དང་ནུ་མོ་གསོ་སྐྱོང་བྱེད་པའི་འོས་འགན་ཡོད། ཕུ་བོ་དང་ཨ་ཅེས་གསོ་སྐྱོང་བྱས་ནས་ནར་སོན་པའི་ནུ་བོ་ནུ་མོ་ལ། ངལ་རྩོལ་ནུས་པ་མེད་པ་དང་འཚོ་བའི་ཡོང་ཁུངས་མེད་པའི་ཕུ་བོ་དང་ཨ་ཅེ་གསོ་སྐྱོང་བྱེད་པའི་འོས་འགན་ཡོད།

75.ཁྱོ་གས་རང་འདོད་སྒོས་བུ་ལོན་བཏང་སྟེ་རྐང་འཛིན་ཉོ་ཚོང་བྱས་ན། གཉེན་ཐོར་བྱུང་རྗེས་བུ་ལོན་སུས་འཇལ་དགོས།

ཁྱོ་ཤུག་ཕྱོགས་གཅིག་གིས་གཉེན་སྒྲིག་འབྲེལ་བ་ཡོད་པའི་སྐབས་སུ་མི་སྒེར་གྱི་མིང་ཐོག་ནས་ཁྱིམ་ཚང་གི་རྒྱུན་ལྡན་འཚོ་བའི་དགོས་མཁོ་ལས་བརྒལ་བའི་བུ་ལོན་བླངས་པ་ནི། ཁྱོ་ཤུག་ཐུན་མོང་གི་བུ་ལོན་ལ་མི་གཏོགས། འོན་ཀྱང་། བུ་ལོན་གཏོང་མཁན་གྱིས་བུ་ལོན་དེ་ཁྱོ་ཤུག་ཐུན་མོང་འཚོ་བ་དང་། ཐུན་མོང་ཐོན་སྐྱེད་ཚོང་གཉེར་རམ། ཁྱོ་ཤུག་ཕྱོགས་གཉིས་ཀྱི་ཐུན་མོང་གི་བསམ་འདུན་བདེན་དཔང་བྱེད་ཐུབ་པ་དེར་མི་གཏོགས།

རྩོམ་སྒྲིག་པ། གསང་བདག་རྒྱལ།

དཔྱད་མཆན 0 ཡོད།