《“བརྒྱད་ལྔའི”བཅའ་ཁྲིམས་ཁྱབ་གདལ་ཤེས་བྱའི་དྲི་བ200》(གཉིས་པ།)

6.ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བ་ལ་སྐུལ་འདེད་བྱེད་པར་མི་དམངས་ལྟེ་བར་འཛིན་པ་རྒྱུན་འཁྱོངས་བྱེད་དགོས་དོན་ཅི་ཡིན།

ཕྱོགས་ཡོངས་ནས་རྒྱལ་ཁབ་ཁྲིམས་ལྟར་སྐྱོང་བའི་ཆེས་རྒྱ་ཁྱབ་དང་ཆེས་གཏིང་ཟབ་ཀྱི་རྨང་གཞི་ནི་མི་དམངས་ཡིན་པས། ངེས་པར་དུ་མི་དམངས་ཀྱི་ཆེད་དང་དམངས་ལ་བརྟེན་པ་མཐའ་འཁྱོངས་བྱེད་དགོས། མི་དམངས་ཀྱི་ཁེ་ཕན་མཚོན་པ་དང་མི་དམངས་ཀྱི་རེ་འདུན་མཚོན་པ། མི་དམངས་ཀྱི་ཁེ་དབང་སྲུང་སྐྱོང་། མི་དམངས་ལ་བདེ་སྐྱིད་མཐོར་འདེགས་བཅས་བྱ་རྒྱུ་དེ་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བའི་ཁྱབ་ཁོངས་སོ་སོ་དང་གོ་རིམ་ཧྲིལ་པོར་དོན་འཁྱོལ་ཡོང་བ་བྱེད་དགོས། ཕྱོགས་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བར་སྐུལ་འདེད་གཏོང་བའི་རྩ་བའི་དམིགས་ཡུལ་ནི་ཁྲིམས་ལྟར་མི་དམངས་ཀྱི་ཁེ་དབང་ལ་འགན་སྲུང་བྱ་རྒྱུ་དེ་ཡིན། མི་དམངས་མང་ཚོགས་ཀྱི་བླང་བྱ་དང་རེ་སྒུག་གསར་པར་ཧུར་ཐག་གིས་ལན་བཏབ་ནས། ཁྲིམས་སྐྱོང་ཁྱབ་ཁོངས་ཀྱི་མི་དམངས་མང་ཚོགས་ཀྱིས་དོ་སྣང་ཆེ་ཞིང་འབུར་ཐོན་གྱི་གནད་དོན་ལ་མ་ལག་ལྡན་པའི་སྒོ་ནས་ཞིབ་འཇུག་བྱས་ཏེ་འཆར་འགོད་དང་ཐག་གཅོད་བྱེད་པ་དང་། མི་དམངས་མང་ཚོགས་ཀྱི་ཐོབ་སྣང་དང་སྐྱིད་སྣང་། བདེ་སྣང་བཅས་རྒྱུན་ཆད་མེད་པར་ཆེ་རུ་བཏང་སྟེ། ཁྲིམས་སྐྱོང་ལ་བརྟེན་ནས་མི་དམངས་ཀྱི་བདེ་སྡོད་ལས་བརྩོན་ལ་ཁག་ཐེག་བྱེད་དགོས།

7.ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་བགྲོད་ལམ་མཐའ་འཁྱོངས་བྱེད་པའི་ཐད་བླང་བྱ་གང་དག་བཏོན་ཡོད།

ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་བགྲོད་ལམ་ནི་ངོ་བོའི་སྟེང་ནས་བཤད་ན་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བགྲོད་ལམ་དེ་ཁྲིམས་སྐྱོང་ཁྱབ་ཁོངས་ནང་གི་ཞིབ་ཕྲའི་མཚོན་ཚུལ་ཞིག་རེད། མིག་སྔར་གཞི་ཚུགས་ནས་ཁྲིམས་སྐྱོང་གི་བསམ་གཞིག་དང་ཁྲིམས་སྐྱོང་གི་བྱེད་ཐབས་སྤྱད་དེ་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཐད་འཕྲད་པའི་གནད་དོན་ཐག་གཅོད་བྱེད་དགོས་ལ། མ་འོངས་པར་དམིགས་ཏེ་ཁྲིམས་སྐྱོང་གི་རྨང་གཞི་སྲ་བརྟན་དང་ཁྲིམས་སྐྱོང་གི་ནུས་པ་བསྟར་བ། ཁྲིམས་སྐྱོང་གི་རྣམ་པ་བཏོད་པ་བཅས་ཀྱིས་ཕྱོགས་སོ་སོའི་ལམ་ལུགས་དེ་བས་འཐུས་སྒོ་ཚང་བ་དང་དེ་བས་གཏན་འཁེལ་ཡོང་རྒྱུར་སྐུལ་འདེད་བཏང་ནས། ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་འཕེལ་རྒྱས་ཆེད་ཡུན་རིང་རང་བཞིན་གྱི་ལམ་ལུགས་ཀྱི་འགན་ལེན་བྱེད་དགོས། ཀྲུང་ཧྭའི་ཕུལ་བྱུང་གི་སྲོལ་རྒྱུན་བཅའ་ཁྲིམས་རིག་གནས་རྒྱུན་འཛིན་བྱས་ཏེ་རང་རྒྱལ་གྱི་གསར་བརྗེ་དང་འཛུགས་སྐྲུན། སྒྱུར་བཅོས་བཅས་ཀྱི་ལག་ལེན་ཁྲོད་རང་ཉིད་དང་འཚམ་པའི་ཁྲིམས་སྐྱོང་ལམ་བུ་འཚོལ་ཞིབ་བྱེད་པ་དང་ཆབས་ཅིག ཕྱི་རྒྱལ་གྱི་ཁྲིམས་སྐྱོང་གི་ཕན་ཡོད་གྲུབ་འབྲས་དཔྱད་གཞིར་བཟུང་ནས། ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་དང་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེའི་བསྐྱར་དར་མངོན་འགྱུར་བྱ་ཆེད་ཁྲིམས་སྐྱོང་གི་རྨང་གཞི་སྲ་བརྟན་དུ་གཏོང་དགོས།

8.རྩ་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བ་དང་རྩ་ཁྲིམས་ལྟར་སྲིད་སྐྱོང་བ་རྒྱུན་འཁྱོངས་བྱེད་དགོས་དོན་ཅི་ཡིན།

ཏང་གིས་མི་དམངས་ཀྱི་མགོ་ཁྲིད་དེ་རྩ་ཁྲིམས་དང་བཅའ་ཁྲིམས་བཟོ་བ་དང་། མི་དམངས་ཀྱི་མགོ་ཁྲིད་དེ་རྩ་ཁྲིམས་དང་བཅའ་ཁྲིམས་ལག་ལེན་བསྟར་ནས། ཏང་རང་ཉིད་ཀྱིས་རྩ་ཁྲིམས་དང་བཅའ་ཁྲིམས་ཀྱི་ཁྱབ་ཁོངས་སུ་བྱེད་སྒོ་སྤེལ་དགོས། རྒྱལ་ཡོངས་རིགས་སོ་སོའི་མི་དམངས་དང་། རྒྱལ་ཁབ་ཀྱི་ལས་ཁུངས་དང་དྲག་ཆས་སྟོབས་ཤུགས་མཐའ་དག སྲིད་ཏང་ཁག་སོ་སོ་དང་སྤྱི་ཚོགས་ཀྱི་ཚོགས་པ་སོ་སོ། ཁེ་ལས་དང་བྱ་ལས་ཀྱི་རྩ་འཛུགས་སོ་སོས་ངེས་པར་དུ་རྩ་ཁྲིམས་དེ་འགུལ་སྤྱོད་ཀྱི་རྩ་བའི་ཚད་གཞིར་བཟུང་སྟེ། རྩ་ཁྲིམས་ཀྱི་ལ་རྒྱ་སྲུང་སྐྱོང་བྱེད་པ་དང་རྩ་ཁྲིམས་ལག་བསྟར་འགན་ལེན་གྱི་འགན་འཁྲི་འཁུར་དགོས། རྩ་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བ་དང་རྩ་ཁྲིམས་ལྟར་སྲིད་སྐྱོང་བ་མཐའ་འཁྱོངས་བྱེད་པར་རྩ་ཁྲིམས་ནང་གཏན་འཁེལ་བྱས་པའི་ཀྲུང་གོ་གུང་ཁྲན་ཏང་གི་མགོ་ཁྲིད་གོ་གནས་ལ་གཡོ་འགུལ་གཏོང་མི་རུང་བ་མཐའ་འཁྱོངས་བྱེད་པ་དང་། རྩ་ཁྲིམས་ནང་གཏན་ལ་ཕབ་པའི་མི་དམངས་དམངས་གཙོའི་སྲིད་དབང་སྒེར་འཛིན་གྱི་རྒྱལ་ཁབ་སྒྲིག་སྲོལ་དང་མི་དམངས་འཐུས་མི་ཚོགས་ཆེན་ལམ་ལུགས་ཀྱི་སྲིད་དབང་སྒྲིག་སྲོལ་ལ་གཡོ་འགུལ་གཏོང་མི་རུང་བ་མཐའ་འཁྱོངས་བྱེད་དགོས།

9.ཁྲིམས་སྐྱོང་ལམ་བུའི་ཐོག་རྒྱལ་ཁབ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་རྒྱུ་མཐའ་འཁྱོངས་བྱེད་དགོས་དོན་གང་ཡིན་ནམ།

ཁྲིམས་སྐྱོང་ནི་རྒྱལ་ཁབ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པའི་རྒྱབ་རྟེན་གལ་ཆེན་ཞིག་ཡིན། ཕྱོགས་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་བསྐྱང་ཚེ་གཞི་ནས་རྒྱལ་ཁབ་བཅོས་སྐྱོང་མ་ལག་གི་མ་ལག་རང་བཞིན་དང་ཚད་ལྡན་རང་བཞིན། མཐུན་སྦྱོར་རང་བཞིན་བཅས་ལ་འགན་ལེན་ནུས་ལྡན་བྱེད་ཐུབ་པ་དང་། གཞི་ནས་ཚད་གཞི་མཐོ་ཤོས་ཀྱི་སྒོ་ནས་སྤྱི་ཚོགས་ཀྱི་ངོས་འཛིན་གཅིག་ཏུ་སྒྲིལ་ཐུབ། རླབས་ཆེའི་འཐབ་རྩོད་དང་རླབས་ཆེའི་བཟོ་འགོད། རླབས་ཆེའི་བྱ་གཞག རླབས་ཆེའི་ཕུགས་འདུན་བཅས་ལ་སྤྱི་འདོམས་སྐུལ་འདེད་གཏོང་བའི་ལག་ལེན་དང་། ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་རྒྱང་སྐྱོད་ལམ་བུ་གསར་པའི་ཐོག ང་ཚོས་ཁྲིམས་སྐྱོང་ལ་དེ་བས་མཐོང་ཆེན་དང་ཁྲིམས་སྐྱོང་ལག་ལེན་ནན་ཏན་བྱས་ཏེ། ཁྲིམས་སྐྱོང་གི་རྩ་བ་བརྟན་གཏོང་དང་། སྔོན་དཔག་བརྟན་པོ། ཕུགས་ལ་ཕན་པ་བཅས་ཀྱི་ནུས་པ་གལ་ཆེན་སྔར་བས་འདོན་སྤེལ་ཡག་པོ་བྱས་ནས། ཁྲིམས་ལྟར་འགྲན་སློང་གལ་ཆེན་ལ་ཁ་གཏོད་པ་དང་ཉེན་ཁ་ཚབས་ཆེན་འགོག་པ། འགལ་རྐྱེན་ཆེན་པོ་སེལ་བ། འགལ་ཟླ་གལ་ཆེན་ཐག་གཅོད་བྱེད་པ་བཅས་མཐའ་འཁྱོངས་བྱེད་དགོས།

10.ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་མ་ལག་ཇི་ལྟར་འཛུགས་སྐྲུན་བྱེད་དགོས།

ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་མ་ལག་ནི་ཕྱོགས་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བར་སྐུལ་འདེད་གཏོང་བའི་སྤྱིའི་འཛིན་ལུང་ཡིན། འཐུས་ཚང་ལྡན་པའི་བཅའ་ཁྲིམས་ཚད་ལྡན་མ་ལག་དང་ལས་ཕྱོད་ཆེ་བའི་ཁྲིམས་སྐྱོང་ལག་བསྟར་མ་ལག གཟབ་ནན་གྱི་ཁྲིམས་སྐྱོང་ལྟ་སྐུལ་མ་ལག ནུས་ལྡན་གྱི་ཁྲིམས་སྐྱོང་འགན་ལེན་མ་ལག་བཅས་མགྱོགས་མྱུར་ངང་ཆགས་པར་བྱས་ནས། འཐུས་སྒོ་ཚང་བའི་ཏང་ནང་ཁུལ་གྱི་ཁྲིམས་སྲོལ་མ་ལག་ཅིག་ཆགས་པར་བྱེད་དགོས། ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བ་དང་ཀུན་སྤྱོད་ལ་བརྟེན་ནས་རྒྱལ་ཁབ་སྐྱོང་བ་ཟུང་འབྲེལ་མཐའ་འཁྱོངས་བྱས་ཏེ། ཁྲིམས་སྐྱོང་དང་སྤྱོད་བཅོས་ཕན་ཚུན་གཞོགས་འདེགས་དང་ཆར་བ་ཆུ་གྲོགས་སུ་མངོན་འགྱུར་བྱེད་དགོས། ཧུར་ཐག་གིས་རྒྱལ་ཁབ་ཀྱི་བདེ་འཇགས་དང་ཚན་རྩལ་གསར་གཏོད། སྤྱི་པའི་འཕྲོད་བསྟེན། སྐྱེ་དངོས་བདེ་འཇགས། སྐྱེ་ཁམས་དཔལ་ཡོན། ཉེན་ཁ་སྔོན་འགོག ཕྱི་ཕྱོགས་དང་འབྲེལ་བ་ཡོད་པའི་ཁྲིམས་སྐྱོང་སོགས་ཀྱི་ཁྱབ་ཁོངས་གལ་ཆེན་གྱི་ཁྲིམས་འཛུགས་ལ་སྐུལ་འདེད་བཏང་ནས། རྒྱལ་ཁབ་བཅོས་སྐྱོང་ལ་མྱུར་མཁོ་ཆེ་བའི་བཅའ་ཁྲིམས་ལམ་ལུགས་འཐུས་ཚང་དུ་གཏོང་བ་དང་མི་དམངས་ཀྱི་ཉིན་བཞིན་ཆེ་རུ་འགྲོ་བའི་མཛེས་སྡུག་གི་འཚོ་བའི་དགོས་མཁོ་སྐོང་བར་ངེས་པར་དུ་མཁོ་བའི་བཅའ་ཁྲིམས་ལམ་ལུགས་འཐུས་ཚང་དུ་བཏང་སྟེ། ཐབས་བཟང་སྐྱོང་མཁས་ཀྱིས་ལས་རྣམ་གསར་པ་དང་བྱེད་སྟངས་གསར་པ་བདེ་ཐང་ངང་འཕེལ་རྒྱས་འགྲོ་བར་འགན་ལེན་བྱེད་དགོས། (མུ་འགོད།)

རྩོམ་སྒྲིག་པ། རྡོ་རྗེ་བསམ་འགྲུབ།

དཔྱད་མཆན 0 ཡོད།