ཞི་ཅིན་ཕིང་གིས་དམངས་དོན་ཁྲིམས་གཞུང་ཁྱབ་བསྒྲགས་དང་ལག་བསྟར་བྱ་རྒྱུའི་དོན་སྙིང་གལ་ཆེན་ལ་ངོས་འཛིན་གང་ལེགས་བྱས་ཏེ་མི་དམངས་ཀྱི་ཁྲིམས་མཐུན་ཁེ་དབང་ཁྲིམས་ལྟར་དེ་བས་ལེགས་པའི་སྒོ་ནས་འགན་ལེན་བྱེད་དགོས་ཞེས་གསུང་བཤད་གལ་ཆེན་གནང་།

༢༠༢༠ལོའི་ཟླ་5པའི་ཚེས་29ཉིན་གྱི་ཕྱི་དྲོར་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས“དམངས་དོན་ཁྲིམས་གཞུང་ལག་ལེན་ཏན་ཏིག་བསྟར་བའི”ཐད་མཉམ་སྡེབ་སློབ་སྦྱོང་ཐེངས་ཉི་ཤུ་པ་བྱས་པ་རེད། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སློབ་སྦྱོང་ལ་མགོ་འཛིན་མཛད་སྐབས་ནན་གྱིས་བསྟན་དོན། དམངས་དོན་ཁྲིམས་གཞུང་གིས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བཅའ་ཁྲིམས་མ་ལག་ཁྲོད་དུ་གོ་གནས་གལ་ཆེན་བཟུང་ཡོད་པ་དང་།རྩ་བ་བརྟན་པོ་དང་།སྔོན་དཔག་བརྟན་པོ།ཡུན་རིང་ལ་ཕན་པ་ཡོད་པའི་རྨང་གཞིའི་རང་བཞིན་ལྡན་པའི་བཅའ་ཁྲིམས་ཤིག་ཡིན། ཕྱོགས་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བར་སྐུལ་འདེད་དང་། སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་རྒྱལ་ཁབ་འཛུགས་སྐྲུན་ཇེ་མགྱོགས་སུ་གཏོང་བ། སྤྱི་ཚོགས་རིང་ལུགས་ཀྱི་ཚོང་རའི་དཔལ་འབྱོར་གོང་དུ་སྤེལ་བ་དང་། སྤྱི་ཚོགས་རིང་ལུགས་ཀྱི་གཞི་རྩའི་དཔལ་འབྱོར་ལམ་ལུགས་སྲ་བརྟན་དུ་གཏོང་བ། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་མཐའ་འཁྱོངས་དང་། མི་དམངས་ཀྱི་ཁེ་དབང་ཁྲིམས་ལྟར་སྲུང་སྐྱོང་། རང་རྒྱལ་གྱི་འགྲོ་བ་མིའི་ཐོབ་ཐང་གི་བྱ་གཞག་གོང་དུ་འཕེལ་བར་སྐུལ་འདེད་གཏོང་བ་བཅས། རྒྱལ་ཁབ་ཀྱི་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་བར་དོན་སྙིང་གལ་ཆེན་ལྡན་ཡོད། ཏང་ཡོངས་ཀྱིས་དམངས་དོན་ཁྲིམས་གཞུང་ལག་བསྟར་བྱེད་པར་སྐུལ་འདེད་ཏན་ཏིག་བཏང་། ཕྱོགས་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བར་སྐུལ་འདེད་སྔར་ལས་ལྷག་པ་གཏོང་བ་དང་། སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་རྒྱལ་ཁབ་འཛུགས་སྐྲུན་དང་། མི་དམངས་ཀྱི་ཁེ་དབང་འགན་སྲུང་སྔར་ལས་ལེགས་པོ་བྱ་དགོས།

 རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་ཁྲིམས་ལུགས་ལས་དོན་ཨུ་ཡོན་ལྷན་ཁང་དམངས་ཁྲིམས་ཁང་གི་ཀྲུའུ་རེན། ཀྲུང་གོའི་ཁྲིམས་རིག་ལྷན་ཚོགས་ཀྱི་སྲིད་འཛིན་ཁྲིམས་རིག་པའི་ཞིབ་འཇུག་ལྷན་ཚོགས་ཀྱི་ཚོགས་གཙོ་གཞོན་པ་བློ་མཐུན་ཧོང་ཝེ་ཡིས་གནད་དོན་འདིའི་སྐོར་འགྲེལ་བཤད་བརྒྱབ་པ་དང་བསམ་འཆར་དང་གྲོས་གཞི་བཏོན་པ་རེད།

ཞི་ཅིན་ཕིང་གིས་སློབ་སྦྱོང་གཙོ་སྐྱོང་གནང་སྐབས་གསུང་བཤད་གནང་བ་རེད། ཁོང་གིས་ནན་བཤད་གནང་བ་སྟེ། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དམངས་དོན་ཁྲིམས་གཞུང་》 ཀྲུང་གོ་གསར་པ་དབུ་བརྙེས་པ་ནས་བཟུང་“ཁྲིམས་གཞུང”ཞེས་མིང་བཏགས་པའི་བཅའ་ཁྲིམས་ཐོག་མ་དེ་ཡིན་པ་དང་། དུས་རབས་གསར་པར་རང་རྒྱལ་གྱི་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་འཛུགས་སྐྲུན་གྱི་གྲུབ་འབྲས་གལ་ཆེན་ཞིག་རེད། ཐེངས་འདིར་ཐུན་མོང་གིས་སློབ་སྦྱོང་བྱེད་པར་བཀོད་སྒྲིག་བྱེད་དགོས་པའི་དམིགས་ཡུལ་ནི་དམངས་དོན་ཁྲིམས་གཞུང་ཁྱབ་བསྒྲགས་དང་ལག་བསྟར་བྱེད་པའི་དོན་སྙིང་གལ་ཆེན་ལ་ངོས་འཛིན་གང་ལེགས་བྱས་ཏེ།དམངས་དོན་ཁྲིམས་གཞུང་ལག་བསྟར་བྱེད་པར་སྔར་ལས་ལེགས་པའི་སྐུལ་འདེད་གཏོང་རྒྱུ་དེ་ཡིན།

ཞི་ཅིན་ཕིང་གིས་བསྟན་དོན། རང་རྒྱལ་གྱི་གསར་བརྗེ་དང་། འཛུགས་སྐྲུན། སྒྱུར་བཅོས་བཅས་ལོ་རྒྱུས་ཀྱི་དུས་སྐབས་སོ་སོར་ང་ཚོའི་ཏང་གིས་དམངས་དོན་བཅའ་ཁྲིམས་གཏན་འབེབས་དང་ལག་བསྟར་བྱ་རྒྱུར་ཚད་མཐོའི་མཐོང་ཆེན་བྱེད་ཀྱི་ཡོད། བསྒྱུར་བཅོས་སྒོ་འབྱེད་བྱས་པ་ནས་བཟུང་རང་རྒྱལ་གྱི་དམངས་དོན་ཚོང་དོན་ཁྲིམས་ལུགས་འཛུགས་སྐྲུན་གྱི་གོམ་སྟབས་མུ་མཐུད་དུ་ཇེ་མགྱོགས་སུ་བཏང་ནས། སྔ་རྗེས་སུ་དམངས་དོན་ཚོང་དོན་སྐོར་གྱི་བཅའ་ཁྲིམས་འབོར་ཆེན་ཞིག་གཏན་འབེབས་སམ་བཟོ་བཅོས་བརྒྱབ་ནས་དམངས་དོན་ཁྲིམས་གཞུང་རྩོམ་སྒྲིག་བྱེད་པར་རྨང་གཞི་བཏིང་བ་དང་ཉམས་མྱོང་གསོག་འཇོག་བྱས་ཡོད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་པ་ནས་བཟུང་།ང་ཚོས་ལག་ལེན་འཕེལ་རྒྱས་ཀྱི་བླང་བྱ་དང་མི་དམངས་མང་ཚོགས་ཀྱི་རེ་སྒུག་དང་བསྟུན་ནས་དམངས་དོན་ཁྲིམས་གཞུང་རྩོམ་སྒྲིག་བྱ་རྒྱུ་ཉིན་རེའི་གྲོས་རིམ་གལ་ཆེན་དུ་བཞག་ཡོད།ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་ཐོག་ཁྲིམས་ལྟར་རྒྱལ་སྐྱོང་ལ་སྒོ་ཀུན་ནས་སྐུལ་འདེད་གཏོང་རྒྱུའི་གནད་དོན་གལ་ཆེན་འགའི་སྐོར་གྱི་ཆོད་དོན་བཞག་སྟེ།དེའི་ནང་དུ་དམངས་དོན་ཁྲིམས་གཞུང་རྩོམ་སྒྲིག་བྱེད་པར་བཀོད་སྒྲིག་བྱས་ཡོད།ཕྱོགས་སོ་སོས་ཐུན་མོང་གི་འབད་བརྩོན་འོག་ལོ་5ལྷག་གི་ལས་ཀ་བྱས་པ་བརྒྱུད།ད་གཟོད་དམངས་དོན་ཁྲིམས་གཞུང་ཁྱབ་བསྒྲགས་དང་ལག་བསྟར་བྱེད་ཐུབ་སོང་ལ། མི་རབས་དུ་མའི་སེམས་འདུན་ཉིད་མངོན་འགྱུར་བྱས་པ་རེད།

 ཞི་ཅིན་ཕིང་གིས་ནན་བཤད་གནང་དོན།དམངས་དོན་ཁྲིམས་གཞུང་གིས་མ་ལག་ཚང་བའི་ཀྲུང་གོ་གསར་པའི་ལོ་ངོ་70ལྷག་གི་དུས་ཡུན་རིང་པོའི་ལག་ལེན་ཁྲོད་གྲུབ་པའི་དམངས་དོན་བཅའ་ཁྲིམས་ཚད་གཞི་སྡེབ་སྒྲིག་བྱས་ཤིང་།ཀྲུང་ཧྭ་མི་རིགས་ཀྱི་ལོ་ངོ་5000ལྷག་གི་ཕུལ་བྱུང་བཅའ་ཁྲིམས་རིག་གནས་བསྡུ་ལེན་བྱས།མིའི་རིགས་ཀྱི་ཁྲིམས་སྐྱོང་ཤེས་དཔལ་འཛུགས་སྐྲུན་གྱི་ཕན་ཡོད་གྲུབ་འབྲས་དཔྱད་གཞིར་བཟུང་ཡོད།འདི་ནི་རང་རྒྱལ་སྤྱི་ཚོགས་རིང་ལུགས་ཀྱི་ངོ་བོ་མཚོན་པ་དང་།མི་དམངས་ཀྱི་ཁེ་ཕན་དང་རེ་འདུན་དང་མཐུན་པ།དུས་རབས་འཕེལ་རྒྱས་ཀྱི་བླང་བྱ་དང་མཐུན་པའི་དམངས་དོན་ཁྲིམས་གཞུང་ཞིག་ཡིན།འདི་ནི་ཚེ་སྲོག་བདེ་ཐང་དང་།རྒྱུ་ནོར་བདེ་འཇགས།ཉོ་ཚོང་སྟབས་བདེ།འཚོ་བ་བདེ་སྐྱིད།མི་གཤིས་ལ་རྒྱ་སོགས་ཕྱོགས་གང་ཅིའི་ཐད་ཀྱི་ཁེ་དབང་འདྲ་མཉམ་ངང་སྲུང་སྐྱོང་བྱེད་པའི་དམངས་དོན་ཁྲིམས་གཞུང་ཞིག་ཡིན།འདི་ནི་ཀྲུང་གོའི་ཁྱད་ཆོས་མངོན་གསལ་ལྡན་པ་དང་།ལག་ལེན་གྱི་ཁྱད་ཆོས་ལྡན་པ།དུས་རབས་ཀྱི་ཁྱད་ཆོས་ལྡན་པ་བཅས་ཀྱི་དམངས་དོན་ཁྲིམས་གཞུང་ཞིག་རེད།

ཞི་ཅིན་ཕིང་གིས་བསྟན་དོན།དམངས་དོན་ཁྲིམས་གཞུང་གི་དོན་སྙིང་གལ་ཆེན་གྱི་དྲིལ་བསྒྲགས་སློབ་གསོར་ཤུགས་སྣོན་རྒྱག་དགོས།དམངས་དོན་ཁྲིམས་གཞུང་ལག་བསྟར་ཡག་པོ་བྱ་རྒྱུ་ནི་མི་དམངས་ལྟེ་བར་འཛིན་རྒྱུ་མཐའ་འཁྱོངས་དང་།མི་དམངས་ཀྱི་ཁེ་དབང་མངོན་འགྱུར་དང་འཕེལ་རྒྱས་ཡོང་བར་འགན་སྲུང་བྱེད་པའི་བླང་བྱ་ལྡོག་མེད་ཡིན་པ་གསལ་པོར་བཤད་དགོས།སྤྱི་ཚོགས་རིང་ལུགས་ཀྱི་ཚོང་རའི་དཔལ་འབྱོར་འཕེལ་རྒྱས་གཏོང་བ་དང་།སྤྱི་ཚོགས་རིང་ལུགས་ཀྱི་གཞི་རྩའི་དཔལ་འབྱོར་ལམ་ལུགས་སྲ་བརྟན་དུ་གཏོང་བའི་དགོས་ངེས་ཀྱི་བླང་བྱ་ཡིན་པ་དང་།ང་ཚོའི་ཏང་གི་རྒྱལ་སྐྱོང་སྲིད་གཉེར་གྱི་ཆུ་ཚད་མཐོ་རུ་གཏོང་བའི་ལྡོག་མེད་ཀྱི་བླང་བྱ་ཡིན།དམངས་དོན་ཁྲིམས་གཞུང་ལག་བསྟར་ཆུ་ཚད་དང་ཕན་འབྲས་ནི་རིམ་པ་ཁག་གི་ཏང་སྲིད་ལས་ཁུངས་ཀྱིས་མི་དམངས་ལ་ཞབས་འདེགས་ཞུ་བའི་དམིགས་ཡུལ་སྒྲུབ་པའི་ཚད་གཞི་གལ་ཆེན་ཞིག་ཡིན།རྒྱལ་ཁབ་ལས་ཁུངས་ཀྱིས་འགན་འཁྲི་སྒྲུབ་པ་དང་འགན་དབང་སྤྱོད་སྐབས་ངེས་པར་དུ་རང་ངོས་ཀྱི་བྱ་སྤྱོད་དང་བྱེད་སྒོའི་ཁྱབ་ཁོངས་དང་དབྱེ་མཚམས་གསལ་པོ་ཤེས་དགོས།ཏང་དང་རྒྱལ་ཁབ་ཀྱི་ལས་ཁུངས་རིམ་པ་སོ་སོས་ལས་དོན་སྒྲུབ་སྐབས་དམངས་དོན་ཁྲིམས་གཞུང་གི་གཏན་འབེབས་ལ་བསམ་གཞིགས་བྱ་དགོས།ལུས་ཁམས་ཀྱི་ཁེ་དབང་དང་རྒྱུ་ནོར་གྱི་ཁེ་དབང་ཚུད་པའི་མི་དམངས་མང་ཚོགས་ལ་ལོངས་སུ་སྤྱོད་རྒྱུ་ཡོད་པའི་ཁྲིམས་མཐུན་དམངས་དོན་ཁེ་དབང་ལ་བཙན་གནོད་བྱས་མི་ཆོག འབྲེལ་ཡོད་སྲིད་གཞུང་ལས་ཁུངས་དང་།ལྟ་ཞིབ་ལས་ཁུངས།ཁྲིམས་འཛིན་ལས་ཁུངས་བཅས་ཀྱིས་ཁྲིམས་ལྟར་འགན་ནུས་སྒྲུབ་པ་དང་།འགན་དབང་སྤྱོད་པ།དམངས་དོན་གྱི་ཁེ་དབང་ལ་གནོད་འཚེ་མི་ཕོག་པ་དང་དམངས་དོན་གྱི་འབྲེལ་བ་ཞི་མཐུན་དང་གོ་རིམ་ལྡན་པ་ཡོང་བར་སྐུལ་འདེད་གཏོང་དགོས།

ཞི་ཅིན་ཕིང་གིས་ནན་བཤད་གནང་དོན།འབྲེལ་ཡོད་རྒྱལ་ཁབ་ལས་ཁུངས་ཀྱིས་སྒྱུར་བཅོས་སྒོ་དབྱེ་དང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་འཛུགས་སྐྲུན་གྱི་རེ་འདུན་དང་འཕྲོད་པར་བྱེད་དགོས།དམངས་དོན་ཁྲིམས་གཞུང་དང་འབྲེལ་བ་ཡོད་པ་དང་ཆ་ལག་ཚང་བའི་བཅའ་ཁྲིམས་དང་ཁྲིམས་སྲོལ་གྱི་ལམ་ལུགས་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་བཏང་ནས་ལག་ལེན་གྱི་ཉམས་མྱོང་ཕྱོགས་བསྡོམས་རྒྱུན་མི་ཆད་པར་བྱ་དགོས།འབྲེལ་ཡོད་བཅའ་ཁྲིམས་དང་ཁྲིམས་སྲོལ།ཁྲིམས་འཛིན་འགྲེལ་བཤད་བཅས་བཟོ་བཅོས་དང་འཐུས་ཚང་དུ་གཏོང་དགོས།དམངས་དོན་ཁྲིམས་གཞུང་གི་གཏན་འབེབས་སམ་རྩ་བའི་རང་བཞིན་དང་མི་མཐུན་པའི་རྒྱལ་ཁབ་ཀྱི་འབྲེལ་ཡོད་གཏན་འབེབས་དག གཙང་བཤེར་བྱ་རྒྱུ་དམ་འཛིན་བྱས་ནས་བཟོ་བཅོས་རྒྱག་དགོས་རིགས་བཟོ་བཅོས་བྱ་དགོས་པ་དང་།མེད་པར་བཟོ་དགོས་རིགས་རྩིས་མེད་དུ་གཏོང་དགོས།བཅའ་ཁྲིམས་གསལ་འགྲེལ་གྱི་ནུས་པ་འདོན་སྤེལ་བྱས།བཅའ་ཁྲིམས་གཏན་འབེབས་ཀྱི་གོ་དོན་དང་བཅའ་ཁྲིམས་སྤྱད་འཐུས་པའི་གཞི་འཛིན་ས་དུས་ཐོག་ཏུ་ཁ་གསལ་བཟོ་བ་དང་།དམངས་དོན་ཁྲིམས་གཞུང་གི་བརྟན་བརླིང་རང་བཞིན་དང་མཐུན་འཕྲོད་རང་བཞིན་ཕན་ཚུན་གཅིག་གྱུར་ཡོང་བ་རྒྱུན་འཁྱོངས་བྱ་དགོས།དཔལ་འབྱོར་དང་སྤྱི་ཚོགས་རྒྱུན་མི་ཆད་པར་འཕེལ་རྒྱས་འགྲོ་བ་དང་།དཔལ་འབྱོར་དང་སྤྱི་ཚོགས་འཚོ་བའི་ཁྲོད་ཀྱི་ཁེ་ཕན་གྱི་འབྲེལ་བ་སྣ་ཚོགས་ལ་རྒྱུན་མི་ཆད་པར་འགྱུར་ལྡོག་འགྲོ་བ་དང་ཆབས་ཅིག་དམངས་དོན་ཁྲིམས་གཞུང་ལག་བསྟར་བྱེད་པའི་བརྒྱུད་རིམ་ནང་གནས་ཚུལ་གསར་པ་དང་གནད་དོན་གསར་པ་ཁ་ཤས་འཕྲད་ངེས་རེད།གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས་ཀྱིས་ལག་རྩལ་འཕེལ་རྒྱས་དང་ཡར་ཐོན་གྱི་དགོས་མཁོ་གསར་པ་དང་འཚམ་པ་བྱས་ཏེ་ལག་ལེན་གསར་པའི་རྨང་གཞིའི་ཐོག་དམངས་དོན་ཁྲིམས་གཞུང་རྒྱུན་མི་ཆད་པར་འཐུས་སྒོ་ཇེ་ཚང་དུ་བཏང་ནས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས།

 ཞི་ཅིན་ཕིང་གིས་བསྟན་དོན།གཞུང་དྲང་ཤེས་དཔལ་གྱི་ཁྲིམས་འཛིན་ཚད་ལྡན་ནན་པོ་བཟོ་བ་དང་ཁྲིམས་འཛིན་ལ་ཀུན་གྱིས་ཡིད་ཆེས་བྱེད་ཚད་མཐོ་རུ་གཏོང་རྒྱུ་ནི་དམངས་དོན་ཁྲིམས་གཞུང་གི་དབང་གྲགས་སྲུང་སྐྱོང་བྱེད་པའི་བྱེད་ཐབས་ནུས་ལྡན་ཞིག་རེད།སྲིད་གཞུང་རིམ་པ་ཁག་གིས་དམངས་དོན་ཁྲིམས་གཞུང་ལག་བསྟར་ནུས་ལྡན་བྱ་རྒྱུ་དེ་འགན་ལེན་དང་གལ་ཆེན་དུ་བཟུང་སྟེ་ཁྲིམས་སྐྱོང་སྲིད་གཞུང་འཛུགས་སྐྲུན་བྱེད་པར་སྐུལ་འདེད་གཏོང་དགོས་པ་དང་དམངས་དོན་ཁྲིམས་གཞུང་དེ་སྲིད་འཛིན་ཇུས་གཅོད་དང་།སྲིད་འཛིན་དོ་དམ།སྲིད་འཛིན་ལྟ་སྐུལ་གྱི་་ཚད་གཞི་གལ་ཆེན་ཞིག་ཏུ་བརྩི་དགོས་ཏེ།བཅའ་ཁྲིམས་སམ་་ཁྲིམས་སྲོལ་དང་འགལ་ནས་སྤྱི་དམངས་དང་ཁྲིམས་མི།རྩ་འཛུགས་གཞན་དག་གི་ཁྲིམས་མཐུན་ཁེ་དབང་ལ་གནོད་འཚེ་གཏོང་བའམ་དེའི་འོས་འགན་མང་དུ་གཏོང་བའི་ཆོད་དོན་རང་དགར་འཇོག་མི་རུང་།སྲིད་འཛིན་ཆོག་འཐུས་དང་།སྲིད་འཛིན་ཆད་གཅོད།སྲིད་འཛིན་བཙན་ཤེད།སྲིད་འཛིན་བསྡུ་ལེན།སྲིད་འཛིན་གྲོན་བསྡུ།སྲིད་འཛིན་ཞིབ་བཤེར།སྲིད་འཛིན་ཁྲུན་གཅོད་སོགས་ཀྱི་བྱེད་སྒོ་ཚད་ལྡན་དུ་གཏོང་དགོས་ཤིང་ཁྲིམས་ལྟར་སྲིད་འཛིན་བྱེད་ནུས་ཆུ་ཚད་ཇེ་མཐོར་གཏོང་དགོས།མང་ཚོགས་ཀྱི་ཁྲིམས་མཐུན་ཁེ་དབང་ལ་གནོད་འཚེ་གཏོང་བའི་བྱ་སྤྱོད་དང་མི་སྣ་ཁྲིམས་ལྟར་ཐག་གཅོད་ནན་པོ་བྱ་དགོས།དམངས་དོན་གྱོད་གཞི་དང་མི་དམངས་མང་ཚོགས་ཀྱི་ཁེ་དབང་བར་གྱི་འབྲེལ་བ་ཆེས་ཐད་ཀར་རམ་དམ་ཟབ་ཡིན།རིམ་པ་ཁག་གི་ཁྲིམས་འཛིན་ལས་ཁུངས་ཀྱིས་ཁྲིམས་འཛིན་དྲང་གཞག་རྒྱུན་འཁྱོངས་བྱས་ནས་དམངས་དོན་གྱོད་གཞིའི་འདྲི་གཅོད་ཆུ་ཚད་དང་ལས་ཆོད་ཆེ་རུ་གཏོང་དགོས།དམངས་དོན་ཁྲིམས་འཛིན་ལས་དོན་ལ་ཤུགས་སྣོན་བརྒྱབ་ནས་གྱོད་གཞི་སྒྲུབ་གཉེར་གྱི་སྤུས་ཚད་དང་ཁྲིམས་འཛིན་ལ་ཀུན་གྱིས་ཡིད་ཆེས་བྱེད་ཚད་མཐོ་རུ་གཏོང་དགོས།འབྲེལ་ཡོད་དམངས་དོན་ཁྲིམས་འཛིན་འགྲེལ་བཤད་དུས་ཐོག་ཏུ་འཐུས་ཚང་དུ་བཏང་ནས་དམངས་དོན་ཁྲིམས་གཞུང་དང་དེ་བཞིན་འབྲེལ་ཡོད་བཅའ་ཁྲིམས་ཀྱི་གཏན་འབེབས་དང་དགོངས་དོན་དང་གཅིག་མཐུན་ཡོང་བ་བྱས་ཏེ་དམངས་དོན་བཅའ་ཁྲིམས་སྤྱད་འཐུས་ཀྱི་ཚད་གཞི་གཅིག་གྱུར་ཡོང་བར་བྱ་དགོས།རྒྱུ་ནོར་བདག་དབང་སྲུང་སྐྱོང་དང་མི་གཤིས་དབང་ཆ་སྲུང་སྐྱོང་།ཤེས་བྱའི་ཐོན་དངོས་བདག་དབང་སྲུང་སྐྱོང་།སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་སོགས་གཙོ་གནད་ཁྱབ་ཁོངས་ཀྱི་དམངས་དོན་འདྲི་གཅོད་ལས་ཀ་དང་ལྟ་སྐུལ་སློབ་སྟོན་ལས་ཀར་ཤུགས་སྣོན་བརྒྱབ་ཏེ་སྤྱི་ཚོགས་ཀྱི་དོ་ཁུར་ལ་དུས་ལྟར་ལན་བསློགས་དགོས། དམངས་དོན་ཞིབ་དཔྱོད་ལས་ཀར་ཤུགས་སྣོན་རྒྱག་དགོས་པ་དང་ཁྲིམས་འཛིན་བྱེད་སྒོར་ལྟ་སྐུལ་བྱེད་ཤུགས་ཆེ་རུ་གཏོང་དགོས་པ་མ་ཟད།ཁྲིམས་འཛིན་རྒུད་སྐྱོབ་ཀྱི་ཐབས་ལམ་ཤར་བགྲོད་ཐུབ་པ་དང་སྤྱི་དམངས་དང་ཁྲིམས་མི།རྩ་འཛུགས་གཞན་དག་གི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་བྱས་ནས་ཉེས་དོན་གྱོད་གཞིའི་མིང་ཐོག་པའམ་ཁ་གཡར་ནས་དམངས་དོན་རྩོད་གཞི་དང་དཔལ་འབྱོར་རྩོད་གཞིར་ཐེ་ཇུས་བྱེད་རིགས་བློ་ཐག་རྦད་ཆོད་ཀྱིས་བཀག་འགོག་བྱེད་དགོས།ཁྲིམས་རྩོད་པའི་ལས་གཉེར་ཁང་དང་ཁྲིམས་རྩོད་པ་སོགས་བཅའ་ཁྲིམས་ཆེད་ལས་ཀྱི་ལས་ཁུངས་དང་ཆེད་ལས་མི་སྣའི་ནུས་པ་འདོན་སྤེལ་གང་ལེགས་བྱསཏེ་མང་ཚོགས་ལ་རང་ཉིད་ཀྱི་ཁྲིམས་མཐུན་ཁེ་དབང་མངོན་འགྱུར་དང་སྲུང་སྐྱོང་བྱེད་རོགས་བྱ་དགོས་ཤིང་།དུས་མཚུངས་སུ་མི་དམངས་འདུམ་འགྲིག་དང་ཚོང་དོན་འདུམ་གཅོད་སོགས་སྣ་མང་ཅན་གྱི་རྩོད་གཞི་ཐག་གཅོད་ལམ་སྲོལ་གྱི་ནུས་པ་འདོན་སྤེལ་བྱས་ནས་བཅའ་ཁྲིམས་རོགས་སྐྱོར་དང་ཁྲིམས་འཛིན་རོགས་སྐྱོབ་སོགས་ཀྱི་ལས་དོན་ལ་ཤུགས་སྣོན་རྒྱག་དགོས་པ་མ་ཟད།སྤྱི་ཚོགས་ཀྱི་སྟོབས་ཤུགས་དང་གཞི་རིམ་རྩ་འཛུགས་ཀྱིས་དངོས་དོན་གཉེར་བའི་སྒོ་ནས་དམངས་དོན་རྩོད་གཞི་ཐག་གཅོད་བྱས་ཏེ་ཕྱོགས་མང་པོའི་ཐད་ནས་དམངས་དོན་ཁྲིམས་གཞུང་ལག་བསྟར་ལས་དོན་ལ་སྐུལ་འདེད་གཏོང་དགོས།

ཞི་ཅིན་ཕིང་གིས་ནན་བཤད་གནང་དོན།དམངས་དོན་ཁྲིམས་གཞུང་ལག་བསྟར་ཡག་པོ་བྱེད་དགོས་ན་ངེས་པར་དུ་དམངས་དོན་ཁྲིམས་གཞུང་ཉིད་མང་ཚོགས་ཀྱི་ཉེ་འགྲམ་དང་མང་ཚོགས་ཀྱི་སེམས་ནང་དུ་་འཇོག་དགོས།དམངས་དོན་ཁྲིམས་གཞུང་གི་བཅའ་ཁྲིམས་ཁྱབ་གདལ་ལས་དོན་རྒྱ་ཁྱབ་ཏུ་སྤེལ་དགོས་ན།དེ་ཉིད་“ལོ་ལྔ་ཚན་བཅུ་བཞི་པའི་”རིང་གི་བཅའ་ཁྲིམས་ཁྱབ་གདལ་ལས་ཀའི་གཙོ་གནད་དུ་བཟུང་ནས་དམ་འཛིན་བྱས་ཏེ།མང་ཚོགས་ལ་དམངས་དོན་ཁྲིམས་གཞུང་ནི་རང་ཉིད་ཀྱི་ཁེ་དབང་སྲུང་སྐྱོང་བྱེད་པའི་ཁྲིམས་གཞུང་ཞིག་ཡིན་པར་ཁྲིད་སྟོན་བྱེད་དགོས་ལ།སྤྱི་ཚོགས་ཀྱི་ཁོངས་མི་ཡོངས་ཀྱིས་ངེས་པར་དུ་བརྩི་སྲུང་ཞུ་དགོས་པའི་ཚད་གཞི་ཞིག་ཀྱང་ཡིན་མ་ཟད།རང་རྟོགས་ཀྱིས་ཁྲིམས་སྲུང་བའི་འདུ་ཤེས་ཆགས་པ་དང་དོན་དག་བྱུང་ཚེ་བཅའ་ཁྲིམས་འཚོལ་བའི་གོམས་གཤིས་ཆགས་དགོས་ཤིང་གནད་དོན་ཐག་གཅོད་བྱེད་སྐབས་བཅའ་ཁྲིམས་ལ་བརྟེན་པའི་འདུ་ཤེས་དང་ནུས་པ་གསོ་སྐྱོང་བཅས་བྱ་དགོས།དམངས་དོན་ཁྲིམས་གཞུང་རྒྱལ་དམངས་སློབ་གསོའི་མ་ལག་ནང་བཅུག་ནས་གཞོན་ནུ་ལོ་ཆུང་གི་དམངས་དོན་ཁྲིམས་གཞུང་སློབ་གསོར་ཤུགས་སྣོན་རྒྱག་དགོས།དམངས་དོན་ཁྲིམས་གཞུང་གི་སྤྱིའི་རྩ་དོན་དང་ཡན་ལག་རྩོམ་སྒྲིག་ཁག་ལ་དམིགས་ཏེ་ནང་དོན་གཙོ་བོ་དང་གནད་དོན་གཙོ་བོ་ཁོང་དུ་ཆུད་པར་བྱ་དགོས་ཤིང་དམངས་དོན་ཁྲིམས་གཞུང་གི་དམངས་དོན་བྱེད་སྒོ་འདྲ་མཉམ་དང་རང་མོས།དྲང་གཞག་དང་ཁ་དན་ཚིག་གནས་སོགས་ཀྱི་གཞི་རྩའི་རྩ་དོན་རྒྱས་བཤད་ཡག་པོ་བྱེད་དགོས།དམངས་དོན་ཁྲིམས་གཞུང་ནང་་བྱེད་པོ་འདྲ་མཉམ་ཡིན་པ་རྒྱུན་འཁྱོངས་དང་།རྒྱུ་ནོར་གྱི་ཁེ་དབང་སྲུང་སྐྱོང་།ཉོ་ཚོང་འཁོར་སྒྱུར་སྟབས་བདེ་ཡོང་བ།མི་གཤིས་དང་ལ་རྒྱ་སྲུང་སྐྱོང་།ཁྱིམ་ཚང་འཆམ་མཐུན་ཡོང་བར་སྐུལ་འདེད།དབང་གནོད་འགན་འཁྲི་བདའ་འདེད་སོགས་ཀྱི་གཞི་རྩའི་རེ་འདུན་་གསལ་འགྲེལ་ཡག་པོ་བྱེད་དགོས་ཤིང་དམངས་དོན་ཁྲིམས་གཞུང་གི་གཏན་འབེབས་གསར་པའམ་་གོ་དོན་གསར་པ་དང་དགོངས་དོན་གསར་པ་རབ་དང་རིམ་པ་རྒྱས་བཤད་ཡག་པོ་བྱེད་དགོས།

ཞི་ཅིན་ཕིང་གིས་ནན་བཤད་གནང་དོན།ཁྲིམས་སྐྱོང་རིགས་པའི་གཞུང་ལུགས་སློབ་སྟོན་དུ་འཛིན་པ་དང་རང་རྒྱལ་གྱི་གནས་ཚུལ་དང་དོན་དངོས་ལ་གཞི་ཚུགས་ཏེ་དམངས་དོན་བཅའ་ཁྲིམས་ལམ་ལུགས་ཀྱི་རིགས་པའི་གཞུང་ལུགས་ལ་ཞིབ་འཇུག་བྱེད་ཤུགས་ཆེ་རུ་གཏོང་པ་དང་།རང་རྒྱལ་སྤྱི་ཚོགས་རིང་ལུགས་ཀྱི་ངོ་བོ་མཚོན་པའམ་ཀྲུང་གོའི་ཁྱད་ཆོས་མངོན་གསལ་དང་ལག་ལེན་གྱི་ཁྱད་ཆོས་དང་དུས་རབས་ཀྱི་ཁྱད་ཆོས་ལྡན་པའི་དམངས་ཁྲིམས་ཀྱི་རིགས་པའི་གཞུང་ལུགས་ཀྱི་མ་ལག་དང་སྐད་ཆའི་མ་ལག་ཞིག་མྱུར་དུ་བཞེངས་སྐྲུན་དང་མངོན་པར་བྱེད་དགོས་ཤིང་།དམངས་དོན་ཁྲིམས་གཞུང་ལག་བསྟར་ནུས་ལྡན་དང་།རང་རྒྱལ་གྱི་དམངས་དོན་བཅའ་ཁྲིམས་ལམ་ལུགས་འཕེལ་རྒྱས་གཏོང་བར་རིགས་པའི་གཞུང་ལུགས་ཀྱི་འདེགས་སྐྱོར་མཁོ་འདོན་བྱེད་དགོས།

 ཞི་ཅིན་ཕིང་གིས་བསྟན་དོན།ཏང་དང་རྒྱལ་ཁབ་ལས་ཁུངས་རིམ་པ་ཁག་གིས་སྣེ་ཁྲིད་མཛད་དེ་དམངས་དོན་ཁྲིམས་གཞུང་ལག་ལེན་བསྟར་ཚུལ་དྲིལ་བསྒྲགས་དང་སྐུལ་སྤེལ་ལམ་འགན་སྲུང་བྱེད་དགོས་པ་དང་། ཞིབ་བཤེར་དང་ལྟ་སྐུལ་བྱེད་ཤུགས་ཆེ་རུ་བཏང་ནས་དམངས་དོན་ཁྲིམས་གཞུང་ཕྱོགས་ཡོངས་ནས་ལག་བསྟར་ནུས་ལྡན་ཡོང་བར་འགན་ལེན་ཏན་ཏིག་བྱ་དགོས། རིམ་པ་ཁག་གི་འགོ་ཁྲིད་ལས་བྱེད་པས་དམངས་དོན་ཁྲིམས་གཞུང་སློབ་སྦྱོང་དང་བརྩི་སྲུང་ངམ་སྲུང་སྐྱོང་བྱེད་པར་མིག་དཔེ་བྱེད་པ་དང་། དམངས་དོན་ཁྲིམས་གཞུང་སྤྱད་དེ་མི་དམངས་ཀྱི་ཁེ་དབང་སྲུང་སྐྱོང་བྱས་ཏེ་འགལ་བའམ་་རྩོད་གཞི་འདུམ་གཅོད་བྱས་ཏེ་སྤྱི་ཚོགས་འཆམ་མཐུན་དང་བརྟན་ལྷིང་ཡོང་བར་སྐུལ་འདེད་གཏོང་བར་ནུས་པ་དང་ཆུ་ཚད་མཐོ་རུ་གཏོང་དགོས་སོ། །


微信图片_20200602162652.jpg

བསྒྱུར་པ་པོ།    རྣམ་རྒྱལ་ལུང་ཡུན་འཆིང་།(མཚོ་སྔོན་མི་རིགས་སློབ་ཆེན་ཁྲིམས་རིག་པའི་སློབ་གླིང་གི་དགེ་རྒན་ཆེན་མོ། ཀྲུང་གོའི་སྲིད་ཁྲིམས་སློབ་གྲྭ་ཆེན་མོའི་ཁྲིམས་རིག་པའི་འབུམ་རམས་པ་དང་ཀྲུང་གོའི་མི་དམངས་སློབ་གྲྭ་ཆེན་མོའི་ཁྲིམས་རིག་པའི་འབུམ་རམས་པ་ཕྱི་ཚར།ཅང་སུའུ་དགེ་འོས་སློབ་ཆེན་བོད་རྒྱ་བཅའ་ཁྲིམས་རིག་གནས་དང་ཁྲིམས་སྐྱོང་འཐབ་ཇུས་ཞིབ་འཇུག་ལྟེ་གནས་ཀྱི་ཀྲུའུ་རིན། )

རྩོམ་སྒྲིག་པ། ཚེ་རིང་རྒྱ་མཚོ།

དཔྱད་མཆན 0 ཡོད།