བོད་རང་སྐྱོང་ལྗོངས་མཐོ་རིམ་མི་དམངས་ཁྲིམས་ཁང་གི་ལས་དོན་སྙན་སྒྲོན།(མིང་ཚིག་འགྲེལ་པ་བདམས་བཀོད)

གཅིག 《ཀྲུང་གོ་གུང་ཁྲན་ཏང་གི་སྲིད་ཁྲིམས་ལས་དོན་གྱི་སྲོལ་ཡིག》

《ཀྲུང་གོ་གུང་ཁྲན་ཏང་གི་སྲིད་ཁྲིམས་ལས་དོན་གྱི་སྲོལ་ཡིག》ཞེས་པ་ནི་ཏང་གིས་སྲིད་ཁྲིམས་ལས་ཀར་འགོ་ཁྲིད་གཙང་བཙན་བྱེད་རྒྱུ་མཐའ་འཁྱོངས་དང་ཤུགས་སྣོན་བརྒྱབ་སྟེ་དུས་རབས་གསར་པའི་ཏང་གི་སྲིད་ཁྲིམས་ལས་དོན་ཡག་པོ་སྒྲུབ་ཆེད། 2019ལོའི་ཟླ་དང་པོར་ཏང་ཀྲུང་དབྱང་གིས《ཀྲུང་གོ་གུང་ཁྲན་ཏང་གི་སྒྲིག་ཡིག》དང《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས》 དེ་བཞིན་འབྲེལ་ཡོད་བཅའ་ཁྲིམས་ཀྱི་གཏན་འབེབས་གཞིར་བཟུང་སྟེ《ཀྲུང་གོ་གུང་ཁྲན་ཏང་གི་སྲིད་ཁྲིམས་ལས་དོན་གྱི་སྲོལ་ཡིག》བཟོས་ནས་ལག་བསྟར་བྱས་པ་དང་། ཏང་ནང་གི་གཞི་རྩའི་ཁྲིམས་སྲོལ་གྱི་རྣམ་པའི་ཐོག་ནས་ཏང་གིས་དུས་རབས་གསར་པའི་སྲིད་ཁྲིམས་ལས་དོན་ལ་འགོ་ཁྲིད་བྱེད་རྒྱུར་ཆ་ཚང་ལ་ཞིབ་ཚགས་པའི་ལམ་ལུགས་བཀོད་སྒྲིག་བྱས་ཡོད་ཅིང་། དེའང་ཏང་གིས་སྲིད་ཁྲིམས་ལས་དོན་ལ་འགོ་ཁྲིད་བྱེད་རྒྱུའི་ཐད་སྒྲིག་སྲོལ་བཟོས་པ་མ་ཟད། ཏང་གིས་སྲིད་ཁྲིམས་ལས་དོན་ལ་འགོ་ཁྲིད་བྱེད་རྒྱུའི་ཐད་ཕུགས་འཕེར་གྱི་ཇུས་གཞི་བཏིང་བ་དང་རྩ་བ་བརྟན་པོ་བཙུགས་པས། སྲིད་ཁྲིམས་ཀྱི་བྱ་གཞག་གོང་འཕེལ་གཏོང་བའི་ལོ་རྒྱུས་ཐོག་དུས་རབས་འབྱེད་པའི་གསར་གཏོད་རང་བཞིན་གྱི་ལམ་ཚད་རྡོ་རིང་ལྟ་བུའི་དོན་སྙིང་ལྡན་ཡོད།

གཉིས། ཧྥུང་ཆའོ་ཡི་ཉམས་མྱོང་།

“ཧྥུང་ཆའོ་ཡི་ཉམས་མྱོང”ཞེས་པ་ནི་དུས་རབས་20པའི་ལོ་རབས་60ནང་། ཀྲེ་ཅང་ཞིང་ཆེན་ཀྲུའུ་ཅི་གྲོང་ཁྱེར་ཧྥུང་ཆའོ་གྲོང་རྡལ་གྱིས“དོན་ཆུང་གྲོང་ཚོ་ནས་མི་གྱར་བ་དང་། དོན་ཆེན་གྲོང་རྡལ་ནས་མི་གྱར་བ། འགལ་ཟླ་རང་སར་ཐག་གཅོད་བྱེད་པ”བཅས་ཀྱི“ཧྥུང་ཆའོ་ཡི་ཉམས་མྱོང”གསར་གཏོད་བྱས་པ་དེར་ཟེར། 1963ལོར་བློ་མཐུན་མའོ་ཙེ་ཏུང་གིས“ས་གནས་ཁག་གིས་དཔེ་ལྟ་བ་དང་ཚོད་ལྟ་བྱས་ཏེ་ཁྱབ་གདལ་གཏོང་དགོས་པའི”བཀའ་མཆན་གནང་བ་དང་། 2003ལོའི་ཟླ་11པར་ཀྲེ་ཅང་ཞིང་ཨུད་ཀྱི་ཧྲུའུ་ཅིའི་འགན་འཁུར་བཞིན་ཡོད་པའི་བློ་མཐུན་ཞི་ཅིན་ཕིང་གིས“ཧྥུང་ཆའོ་ཡི་ཉམས་མྱོང་ལ་བརྩི་མཐོང་གང་ལེགས་དང་། ཁྱབ་གདལ་ཤུགས་ཆེ། གསར་གཏོད་ཟམ་མི་ཆད་པ་བཅས་བྱེད་དགོས་པའི”བཀའ་མཆན་གནང་ཡོད། ལོ་མང་རིང་། “ཧྥུང་ཆའོ་ཡི་ཉམས་མྱོང”ཟམ་མི་ཆད་པར་གོང་འཕེལ་སོང་ནས“ཏང་སྲིད་ཀྱིས་ལག་བསྟར་བྱེད་པ་དང་། མང་ཚོགས་ལ་བརྟེན་པ། རྩོད་གཞི་སྔོན་འགོག་བྱེད་པ། འགལ་ཟླ་སེལ་བ། བརྟན་ལྷིང་སྲུང་སྐྱོང་བྱེད་པ། གོང་འཕེལ་ལ་སྐུལ་འདེད་གཏོང་བ”བཅས་བྱེད་པའི་དུས་རབས་ཀྱི་ཁྱད་ཆོས་མངོན་གསལ་དོད་པའི་ཧྥུང་ཆའོ་ཡི་ཉམས་མྱོང་གསར་པ་ཞིག་ཆགས་ཡོད། 2018ལོའི་ཟླ་11པར་ཀྲུང་དབྱང་སྲིད་ཁྲིམས་ཨུ་ལྷན་གྱིས་ཀྲེ་ཅང་ཞིང་ཆེན་ཧྲའོ་ཤིན་གྲོང་ཁྱེར་དུ“ཧྥུང་ཆའོ་ཡི་ཉམས་མྱོང”སློབ་སྦྱོང་དང་ཁྱབ་གདལ་གཏོང་རྒྱུའི་ཐད་བློ་མཐུན་མའོ་ཙེ་ཏུང་གིས་བཀའ་མཆན་གནང་ནས་ལོ་55འཁོར་བ་དང་། “ཧྥུང་ཆའོ་ཡི་ཉམས་མྱོང”གོང་འཕེལ་མཐའ་འཁྱོངས་བྱེད་རྒྱུའི་ཐད་བློ་མཐུན་ཞི་ཅིན་ཕིང་གིས་མཛུབ་སྟོན་གནང་ནས་ལོ་15འཁོར་བའི་དྲན་གསོའི་ཚོགས་ཆེན་སྐོང་འཚོག་བྱས་ཏེ་སྲིད་ཁྲིམས་ལས་ཁུངས་ཀྱིས་དུས་རབས་གསར་པའི“ཧྥུང་ཆའོ་ཡི་ཉམས་མྱོང”གོང་འཕེལ་མཐའ་འཁྱོངས་བྱེད་རྒྱུར་ཕྱོགས་ཡོངས་ནས་བཀོད་སྒྲིག་བྱས་ཡོད།

གསུམ། ཁྲུན་ཞིབ་འབྲེལ་མཐུད་ཀྱི་ལམ་སྲོལ།

ཁྲུན་ཞིབ་འབྲེལ་མཐུད་ཀྱི་ལམ་སྲོལ་ཞེས་པ་ནི《ཁྲུན་ཞིབ་འབྲེལ་མཐུད་ལམ་སྲོལ་འཐུས་ཚང་དུ་གཏོང་རྒྱུའི་སྐོར་གྱི་བོད་རང་སྐྱོང་ལྗོངས་མི་ཤུགས་ཐོན་ཁུངས་འགན་སྲུང་ཐིང་དང་བོད་རང་སྐྱོང་ལྗོངས་མཐོ་རིམ་མི་དམངས་ཁྲིམས་ཁང་གི་གཏན་འབེབས་འགའ་ཞིག》(བོད་མི་སྤྱི་སྤེལ[2019]ཡིག་ཨང་66པ)དེ་ཡིན། གཏན་འབེབས་འདི་དངོས་སུ་བཏོན་པ་དེས་རང་ལྗོངས་ཀྱི་ངལ་རྩོལ་འདུམ་གཅོད་དང་དམངས་དོན་འདྲི་གཅོད་འབྲེལ་མཐུད་བྱེད་པའི་ལམ་སྲོལ་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་རྒྱུར་གཞི་འཛིན་ས་ཚད་ལྡན་ཞིག་བྱུང་ཡོད།

བཞི། རྒོལ་གཏུག་གྱོད་གཞི་14ལ་འདྲི་གཅོད་མཐའ་འདོམས།

རྒོལ་གཏུག་གྱོད་གཞི་14ལ་འདྲི་གཅོད་མཐའ་འདོམས་བྱས་པ་ཞེས་པ་ནི་འདིར་ལྗོངས་ཡོངས་ཀྱི་ཁྲིམས་ཁང་གིས་རྒོལ་གཏུག་གྱོད་གཞིར་འདྲི་གཅོད་མཐའ་འདོམས་བྱས་པའི་ཁ་གྲངས་ལ་ཟེར། བཅའ་ཁྲིམས་ཀྱི་གཏན་འབེབས་གཞིར་བཟུང་། ཞིབ་དཔྱོད་ཁང་གིས་གྱོད་གཞིའི་དཔྱད་མཚམས་དང་ཁྲུན་བཅད་ལ་རྒོལ་གཏུག་བྱས་རྗེས་ཁྲིམས་ཁང་གིས་གྱོད་དོན་ཐོ་འགོད་བྱས་པ་མ་ཟད། ཁྲིམས་བཀོད་ཀྱི་འདྲི་གཅོད་དུས་བཅད་ནང་ཁྲིམས་ལྟར་འདྲི་ཞིབ་དང་ཁྲུན་གཅོད་བྱེད་དགོས། ཁྲིམས་ཁང་དང་ཞིབ་དཔྱོད་ཁང་གི་ལས་དོན་སྙན་སྒྲོན་ནང་རྒོལ་གཏུག་གྱོད་གཞི་གཅིག་པ་མིན་པའི་གནས་ཚུལ་ཐོན་རྐྱེན་གཙོ་བོ་ནི(1) ཁྲིམས་ཁང་གི་ལས་དོན་སྙན་སྒྲོན་ནང་འཁོད་པ་ནི་རྒོལ་གཏུག་གྱོད་གཞིར་འདྲི་གཅོད་མཐའ་འདོམས་བྱས་པའི་ཁ་གྲངས་ཡིན་པ་དང་། གྱོད་གཞི་འགའ་ཤས་ཞིབ་དཔྱོད་ཁང་གིས་རྒོལ་གཏུག་ཕྱིར་འཐེན་བྱས་པའམ་ཡང་ན་ཁྲིམས་ཁང་གིས་འདྲི་གཅོད་མཐའ་འདོམས་བྱས་མེད་པའི་རྐྱེན་གྱིས་ཁ་གྲངས་ཐད་ཁྱད་པར་བྱུང་ཡོད། (2) གྱོད་གཞི་འགའ་རེ་ཁྲིམས་ཁང་གིས་ཡང་འདྲི་བྱེད་རྒྱུ་གཏན་འཁེལ་མ་བྱས་གོང་ཞིབ་དཔྱོད་ཁང་གིས་རྒོལ་གཏུག་ཕྱིར་འཐེན་བྱས་པ། གྱོད་གཞི་འགའ་རེ་ཁྲིམས་ཁང་གིས་འདྲི་རིམ་གཉིས་པའམ་ཡང་འདྲི་བྱེད་བཞིན་ཡོད་པས། འདྲི་གཅོད་མཐའ་འདོམས་བྱས་པའི་ཁ་གྲངས་ནང་ཚུད་མེད་པ། གྱོད་གཞི་འགའ་རེ་ཞིབ་དཔྱོད་ཁང་གིས་རྒོལ་གཏུག་བྱེད་སྐབས། དོ་བདག་གིས་བསྐྱར་གཏུག་བྱས་པར་གཞིགས་ཏེ་ཡང་འདྲི་བྱེད་རྒྱུའི་ཐག་བཅད་ཟིན་པས། རྒོལ་གཏུག་གྱོད་གཞིའི་བསྡོམས་རྩིས་ནང་བཅུག་མེད།

ལྔ། བོད་ལྗོངས་སྒུལ་སྐྱོད་འཕྲིན་ཕྲན་ཁྲིམས་ཁང་།

“སྒུལ་སྐྱོད་འཕྲིན་ཕྲན་ཁྲིམས་ཁང”ནི་སྤྱི་དམངས་ཀྱིས“འཕྲིན་ཕྲན་ཐོག་ནས་ཁྲིམས་ལ་གཏུག་པའི”གོ་རིམ་ཆུང་གྲས་ཤིག་ཡིན་ཞིང་། དོ་བདག་ཁྲིམས་རར་བསྐྱོད་མི་དགོས་པར་གོ་རིམ་འདི་སྤྱད་དེ་རྒྱང་བསྟེན་གཏུག་བཤེར་བྱེད་ཆོག མིག་སྔར། བོད་ལྗོངས་སྒུལ་སྐྱོད་འཕྲིན་ཕྲན་ཁྲིམས་ཁང་གི་གོ་རིམ་ཆུང་གྲས་ཁོངས་སུ་དམངས་དོན་དང་ལག་བསྟར་གྱོད་གཞི་དྲ་ཐོག་ཏུ་རང་སྒྲུབ་ཐོ་འགོད་དང་། ཁོངས་བརྒལ་ཐོ་འགོད། རིག་ནུས་ལན་འདེབས། ཁྲིམས་སྲོལ་འདྲི་རྩད། ཁྲིམས་ཁང་ཕྱོགས་སྟོན། རྩིས་འཁོར་ཡོ་བྱད། ངའི་གྱོད་གཞི་སོཌ་བྱེད་ནུས་དཔེ་དུམ་ཁག་7སྤྱོད་འགོ་བཙུགས་ཡོད་ལ། དྲ་ཐོག་ནས་གྱོད་དོན་ཐོ་འགོད་བྱེད་རྒྱུ་དང་། གཏུག་བཤེར་དཔྱད་ཡིག་བསྐུར་རྒྱུ། ཁོངས་བརྒལ་གྱོད་དོན་ཐོ་འགོད་བྱེད་རྒྱུ་སོགས་ཀྱི་ཞབས་ཞུ་མཁོ་འདོན་བྱས་ཡོད་པས། དོ་བདག་གིས་འཕྲིན་ཕྲན་གྱི་གོ་རིམ་ཆུང་གྲས་བརྒྱུད་ནས“བོད་ལྗོངས་སྒུལ་སྐྱོད་འཕྲིན་ཕྲན་ཁྲིམས་ཁང”ཞེས་པ་དེ་འཚོལ་བ་དང་སྦྲགས་དོ་སྣང་བྱས་ནས་བེད་སྤྱོད་བཏང་ན་འགྲིག

དྲུག ཁོངས་བརྒལ་གྱོད་དོན་ཐོ་འགོད།

ཁོངས་བརྒལ་གྱོད་དོན་ཐོ་འགོད་ཞེས་པ་ནི་དོ་བདག་གམ་དེའི་གཏུག་བཤེར་ངོ་ཚབ་པས་ཉེ་སའི་འབྲིང་རིམ་དང་གཞི་རིམ་མི་དམངས་ཁྲིམས་ཁང་གི་གཏུག་བཤེར་ཞབས་ཞུའི་ལྟེ་གནས་སུ་བསྐྱོད་དེ་འདྲི་རིམ་དང་པོའི་དམངས་དོན་ཚོང་དོན་དང་། སྲིད་ཁྲིམས། བཙན་ཤེད་ལག་བསྟར་སོགས་གྱོད་གཞི་རིགས་གསུམ་གྱི་ཞུ་གཏུག་རྒྱག་རྒྱུའི་རེ་ཞུ་བསྐྱལ་ཆོག་པ་དང་། ཁྲིམས་ཁང་དེ་ཉིད་མཉམ་ལས་ཁྲིམས་ཁང་ཞིག་ཡིན་པའི་ངོས་ནས་ཞིབ་བསྡུར་རྩིས་ལེན་ཚབ་སྒྲུབ་བྱེད་པ་དང་སྦྲགས་བདག་ཁོངས་ཀྱི་དབང་ཆ་ཡོད་པའི་ཁྲིམས་ཁང་ལ་ཁོངས་བརྒལ་གྱོད་གཞི་ཐོ་འགོད་ཀྱི་ཞབས་ཞུ་སྒྲུབ་རྒྱུའི་རེ་ཞུ་བསྐྱལ་ཅིང་། བདག་ཁོངས་ཡོད་པའི་ཁྲིམས་ཁང་ལ་རེ་ཞུ་འབྱོར་རྗེས། དུས་ཐོག་ཏུ་དང་ལེན་བྱེད་པ་དང་སྦྲགས་མཉམ་ལས་ཁྲིམས་ཁང་ལ་བདག་སྤྲོད་བྱེད་པའི་ཆ་རྐྱེན་འཛོམས་ཡོད་མེད་ཀྱི་ལན་སྤྲོད་བྱེད་པ་དང་། མཉམ་ལས་ཁྲིམས་ཁང་གིས་ས་ཆ་དེ་རང་ནས་སྐྱེལ་སྤྲོད་དམ་ཡང་ན་དོ་བདག་ལ་གསལ་ཞུ་བྱས་ཏེ“སྒོ་རྩར་ཞུ་གཏུག་རྒྱག་པའི”ལས་རྣམ་གསར་པ་ཞིག་བཏོད་ཡོད་པས། ཉེ་ས་ནས་ཐོ་འགོད་བྱེད་ཐུབ་པ་དང་། གནས་མང་པོ་ནས་ཐོ་འགོད་བྱེད་ཐུབ་པ། འགྲོ་སྐྱོད་དེ་ཙམ་བྱེད་མི་དགོས་པར་འཕྲལ་མར་ཐོ་འགོད་བྱེད་ཐུབ་པ་དེར་ཟེར།

བདུན། གཅིག་འཐུས་གཉིས།

“གཅིག་འཐུས་གཉིས”ཞེས་པ་དེའང“གཅིག་འཐུས”ཀྱི་སྣ་མང་འགལ་འདུམ་རྩོད་སེལ་དང“གཅིག་འཐུས”ཀྱི་གཏུག་བཤེར་ཞབས་ཞུའི་ལྟེ་གནས་ལ་ཟེར་ཞིང་། སྔ་མ་དེས་འགལ་འདུམ་རྩོད་སེལ་བྱེད་རྣམ་བསྐྱར་བཟོ་བྱེད་དགོས་པའི་ནན་བཤད་བྱས་ཤིང་། ཏང་ཨུད་ཀྱིས་འགོ་ཁྲིད་བྱེད་པ་དང་། སྲིད་གཞུང་གིས་འགན་འཁུར་བ། དམངས་གཙོའི་གྲོས་མོལ་བྱེད་པ། སྤྱི་ཚོགས་ཀྱིས་མཉམ་སྒྲུབ་བྱེད་པ། སྤྱི་དམངས་ཀྱིས་ཐེ་ཞུཌ་བྱེད་པ། ཁྲིམས་སྐྱོང་གིས་འགན་སྲུང་བྱེད་པ། ཚན་རྩལ་གྱིས་འདེགས་སྐྱོར་བྱེད་པ་བཅས་ཀྱི་སྤྱི་ཚོགས་བཅོས་སྐྱོང་མ་ལག་འཐུས་སྒོ་ཚང་དུ་བཏང་སྟེ། མི་ཚང་མར་འགན་འཁྲི་ཡོད་པ་དང་། མི་ཚང་མས་འགན་འཁྲི་འཁུར་བ། མི་ཚང་མས་ལོངས་སྤྱོད་བྱེད་པ་བཅས་ཀྱི་སྤྱི་ཚོགས་བཅོས་སྐྱོང་གི་གཅིག་མཐུན་ཚོགས་པ་ཞིག་འཛུགས་སྐྱོང་བྱས་ཐོག གཏུག་བཤེར་དང་བར་འདུམ་མཐུད་སྦྲེལ་འཕྱུགས་མེད་བྱེད་རྒྱུ་དང་“དབྱེ་འདུམ་ཁྲུན་ཞིབ་བཞིའི”ལམ་སྲོལ་གྱི་ཐོག་ནས་འགལ་ཟླ་དང་རྩོད་གཞི་འབྱུང་རྩ་ནས་སྔོན་འགོག་གིས་མདུན་སྣེར་ཐག་གཅོད་དང་བསྐྱར་དུ་གཏུག་བཤེར་མཐའ་འདོམས་ཁྲུན་གཅོད་བྱེད་པའི་རིམ་དབྱེ་རིམ་སྣོན་དང་། རྙོག་འཛིང་སྟབས་བདེ་ཟུང་འབྲེལ། སྦྲེལ་མཐུད་ཚང་སྒྲིག་བཅས་ཀྱི་གཅིག་འཐུས་དང་སྣེ་མང་ཅན་གྱི་ཐག་གཅོད་བྱེད་ལམ་ཞིག་ཆགས་པ་བྱེད་རྒྱུ་དེ་ཡིན་པ་དང་། རྗེས་མ་དེས་གཏུག་བཤེར་ཞབས་ཞུའི་ལྟེ་གནས་ཀྱི་གཞི་གཅིག་ཅན་དང་། ཞིབ་ལས་ཅན། ཆ་འཕྲིན་ཅན་བཅས་ལ་ནན་བཤད་བྱས་ཤིང་། “ཚོམས་ཆེན་དང་། དྲ་རྒྱ། ཁ་པར། སྐོར་སྐྱོད”བཅས་གཞི་གཅིག་གི་གཏུག་བཤེར་ཞབས་ཞུའི་ལྟེ་གནས་བསྐྲུན་སྟེ་དོ་བདག་ལ་ཚུགས་གཅིག་ཀུན་སྒྲུབ་དང་། དྲ་གཅིག་ཀུན་སྒྲུབ། ཁ་པར་གཅིག་ཀུན་སྒྲུབ། ཐེངས་གཅིག་ཀུན་སྒྲུབ་བཅས་ཀྱི་གཏུག་བཤེར་ཞབས་ཞུ་སྒྲུབ་ཀྱི་ཡོད།

བརྒྱད། འཇོན་ཐང་ལྔ།

“འཇོན་ཐང་ལྔ”ཞེས་པ་ནི་2019ལོའི་ཟླ་དང་པོར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་གི་སྲིད་ཁྲིམས་ལས་དོན་ཚོགས་འདུའི་ཐོག་སྲིད་ཁྲིམས་ལས་བྱེད་ཉེན་རྟོག་པའི་བཅའ་ཁྲིམས་དང་སྲིད་ཇུས་སྤྱོད་པའི་འཇོན་ཐང་དང་། ཉེན་ཁ་སྔོན་འགོག་དང་ཚོད་འཛིན་བྱེད་པའི་འཇོན་ཐང་། མང་ཚོགས་ཀྱི་ལས་དོན་སྒྲུབ་པའི་འཇོན་ཐང་། ཚན་རྩལ་བེད་སྤྱོད་བྱེད་པའི་འཇོན་ཐང་། གླེང་ཕྱོགས་ཁྲིད་སྟོན་བྱེད་པའི་འཇོན་ཐང་བཅས་ཕྱོགས་ཡོངས་ནས་ཆེ་རུ་གཏོང་དགོས་ཞེས་ནན་བཤད་གནང་ཡོད། མི་དམངས་ཁྲིམས་ཁང་གིས་ཁྲིམས་འཛིན་འདྲི་གཅོད་ལས་དོན་གྱི་དོན་དངོས་ལ་དམིཌ་ཏེ་གསར་བརྗེ་ཅན་དང་། ཚད་ལྡན་ཅན། ཆེད་ལས་ཅན། ལས་རིགས་ཅན་བཅས་སུ་འགྱུར་བར་དམ་འཛིན་བྱེད་རྒྱུའི་ནན་བཤད་བྱས་ཏེ“འཇོན་ཐང་ལྔ”ཆེ་རུ་བཏང་ཐོག ལས་སྒོའི་འཇོན་ཐང་ཆེ་རུ་གཏོང་རྒྱུར་ཕྱོགས་ཡོངས་ནས་ཤུགས་སྣོན་རྒྱག་པ་དང་། རྙོག་འཛིང་ཆེ་ལ་ཚོར་སྣང་སྐྱེན་པའི་ཚབས་ཆེའི་གྱོད་གཞིར་དབྱེ་ཞིབ་མཐའ་དཔྱོད་དང་གླེང་ཕྱོགས་ཀྱི་ཁྲིད་སྟོན་བྱེད་ཤུགས་ཆེ་རུ་བཏང་སྟེ་དེང་རབས་ཀྱི་ཆ་འཕྲིན་ལག་རྩལ་དང་འདྲི་གཅོད་ལག་བསྟར་ལས་དོན་མཉམ་འདྲེས་ཟབ་མོ་ཡོང་བར་སྐུལ་སྤེལ་བཏང་ནས་མི་རིགས་ཁག་གི་མང་ཚོགས་ཚོས་མིག་མཐོང་ལག་ཟིན་གྱི་དྲང་བདེན་དྲང་གཞག་ཚོར་ཐུབ་པ་བྱེད་རྒྱུར་འབད་བརྩོན་བྱེད་དགོས་པ་དེར་ཟེར།

ཡོང་ཁུངས། བོད་ལྗོངས་ཁྲིམས་ལུགས་ཚགས་པར།

རྩོམ་སྒྲིག་པ། གསང་བདག་རྒྱལ།

དཔྱད་མཆན 0 ཡོད།