གྱོད་དཔེ།
ཕ་གཞིས་སྡེ་བའི་རྟ་ལོ་གཟའ་ཟླ་གཉིས་གཉེན་བསྒྲིགས་ནས་ལོ་ངོ་གཅིག་ལྷག་འགོར་རྗེས། ཆུང་མ་ཚེ་སྐྱིད་ལ་མངལ་སྦྲུམ་ནས་བུ་མོ་ཞིག་བཙས་པ་དང་མིང་ལ་བཀྲ་ཤིས་སྐྱིད་ཅེས་བཏགས། ཡིན་ཡང་ཕ་རྟ་ལོའི་ཀླད་པར་ཕོ་མཆོག་མོ་དམན་གྱི་ལྟ་བ་ངན་པའི་དུད་དྲེག་སྟུག་པོ་ཞིག་ཆགས་ཡོད་པས། རང་གི་བུ་མོ་བཀྲ་ཤིས་སྐྱིད་དེ་དགྲ་རུ་བཟུང་སྟེ་གཉོར་སྐྱོང་ལེགས་པོ་མ་བྱས་པར་མ་ཟད། རྒྱུན་དུ་སྡིགས་མོ་དང་གཅར་རྡུང་བྱས་པར་བརྟེན། ཆུང་མ་ཚེ་སྐྱིད་དོན་དེར་ཡིད་མ་རངས་པར་ཁྱོད་ནི་རང་གི་བྱིས་པར་འགན་མི་ཁུར་བའི་ཕ་ངན་ཞིག་རེད་ཅེས་རྒྱུན་དུ་ཁོ་ལ་བཟའ་འཁོན་བྱེད་བཞིན་ཡོད། འོ་ན་རྟ་ལོའི་བྱ་སྤྱོད་དེ་ནི་ཁྲིམས་མཐུན་ཞིག་ཡིན་ནམ། རྒྱལ་ཁབ་ཀྱི་ཁྲིམས་སུ་ཕ་མ་རྣམས་ལ་རང་གི་ནར་མ་སོན་པའི་བུ་བུ་མོ་གསོ་སྐྱོང་བྱེད་པའི་འོས་འགན་གང་དག་ཡོད་དམ།
ཁྲིམས་བཤད།
གོང་གི་གྱོད་དཔེ་དེ་ནི་ཕ་མར་ནར་མ་སོན་པའི་བུ་བུ་མོ་གསོ་སྐྱོང་བྱེད་པའི་འོས་འགན་ལྡན་དགོས་པའི་ཁྲིམས་ལུགས་ཀྱི་གནད་དོན་ཞིག་ཡིན་ལ། འདི་ལས་ཕ་རྟ་ལོའི་བྱ་སྤྱོད་ནི་ཁྲིམས་ལུགས་དང་མི་མཐུན་པའི་བྱ་སྤྱོད་ཅིག་ཡིན་ཏེ། རང་རྒྱལ་གྱི《གཉེན་སྒྲིག་བཅའ་ཁྲིམས》ཀྱི་དོན་ཚན་ཉེར་གཅིག་པ་དང་ཉེར་གསུམ་པའི་གཏན་ཁེལ་ལྟར་ན། ཕ་མར་རང་གི་བུ་བུ་མོ་གསོ་སྐྱོང་བྱེད་པའི་འོས་འགན་ཡོད་པར་མ་ཟད། ནར་མ་སོན་པའི་བུ་བུ་མོ་ལ་སྲུང་སྐྱོང་དང་སློབ་གསོ་གཏོང་བའི་ཁེ་དབང་དང་འོས་འགན་ཡང་ཡོད་དགོས་པ་རེད།
གཞན་ཡང《ནར་མ་སོན་པའི་སྐྱེ་བོའི་སྲུང་སྐྱོང་བྱེད་པའི་བཅའ་ཁྲིམས》ཀྱི་དོན་ཚན་བཅུ་པའི་གཏེན་ཁེལ་ལྟར་ན། ཕ་མའམ་ལྟ་སྐྱོང་བྱེད་མིས་ཁྱིམ་ཚང་གི་ཁོར་ཡུག་བཟང་པོ་དང་འཆམ་མཐུན་ཞིག་བསྐྲུན་ནས་ཁྲིམས་ལྟར་ནར་མ་སོན་པའི་སྐྱེ་བོར་ལྟ་སྐྱོང་བྱེད་པའི་འོས་འགན་དང་གསོ་སྐྱོང་བྱེད་པའི་འགན་འཁྲི་དང་ལེན་བྱེད་དགོས།
ནར་མ་སོན་པའི་སྐྱེ་བོར་ཁྱིམ་ཚང་གི་དྲག་ཤུགས་གཏུམ་སྤྱོད་གཏན་འགོག་དང་ནར་མ་སོན་པའི་སྐྱེ་བོར་མནར་གཅོད་དང་བྱིས་པ་དོར་ཏེ་གསོ་སྐྱོང་གི་འོས་འགན་དང་ལེན་མི་བྱེད་པའི་བྱ་སྤྱོད་གཏན་འགོག་བྱེད་དགོས་པ་དང་། ཉམ་ཆུང་དང་དབང་པོ་སྐྱོན་ཅན་གྱི་བྱིས་པ་དང་ནར་མ་སོན་པའི་སྐྱེ་བོ་ལས་བུ་མོའི་རིགས་བཅས་ལ་བརྙས་བཅོས་དང་མཐོང་ཆུང་སོགས་གཏན་ནས་བྱས་མི་ཆོག
ཕ་མ་ནི་ནར་མ་སོན་པའི་སྐྱེ་བོ་དག་ལ་ལྟ་སྲུང་བྱེད་མཁན་ཡིན་པས། བྱིས་པའི་འཚོ་བར་འགན་ཁུར་བའི་འོས་འགན་གཙོ་ཆེ་བ་ནི་གཤམ་གསལ་ལྟར།
གཅིག བུ་བུ་མོ་བདེ་ཐང་ངང་འཚར་ལོངས་འབྱུང་བར་ཁག་ཐེག་བྱ་དགོས།
གཉིས། བུ་བུ་མོའི་འཚོ་བར་ལྟ་སྐྱོང་ནན་མོ་བྱ་དགོས།
གསུམ། བུ་བུ་མོའི་རྒྱུ་ནོར་སྲུང་སྐྱོབ་དང་དོ་དམ་ལེགས་པོ་བྱ་དགོས།
བཞི། བུ་བུ་མོའི་དགོས་མཁོ་ལྟར་ཁྲིམས་མཐུན་གྱིས་རྒྱུ་ནོར་བགོ་བཤའ་རྒྱག་དགོས།
ལྔ། བུ་བུ་མོའི་དམངས་དོན་བྱ་འགུལ་གྱི་ལས་ཚབ་པ་བྱ་དགོས།
དྲུག བུ་བུ་མོའི་གཏུག་བཤེར་གྱི་ལས་ཚབ་པ་བྱ་དགོས།
བདུན། བུ་བུ་མོས་གཞན་ལ་གནོད་སྐྱོན་བཟོས་ཚེ། ཕ་མས་དེའི་དམངས་དོན་འགན་འཁྲི་དང་ལེན་བྱ་དགོས།
གོང་གི་ཁྲིམས་ལུགས་ཀྱི་གཏན་ཁེལ་འདི་དག་ལས་ང་ཚོས་མཐོང་ཐུབ་པ་ནི། གྱོད་དཔེའི་ཁྲོད་ཀྱི་ཕ་རྟ་ལོའི་བྱ་སྤྱོད་དེ་ནི་ཁྲིམས་འགལ་ཡིན་པ་ར་སྤྲོད་གསལ་པོ་བྱས་ཡོད་པས། གནམ་འོག་གི་ཕ་མ་དག་གིས་ཀྱང་ཕོ་མཆོག་མོ་དམན་གྱི་སྲོལ་ངན་རྒྱང་དུ་དོར་ཏེ། རང་གི་བུ་བུ་མོ་ཁྱད་མེད་དུ་གསོ་སྐྱོང་བྱེད་རྒྱུ་ནི་འོས་འགན་གཡོལ་མེད་ཅིག་ཡིན་པ་ཤེས་དགོས་སོ། །
ལས་རབ་རྡོ་རྗེས་སྒྲིག་རྩོམ་བྱས་པའི《ན་ཆུང་ཁྲིམས་ལུགས་ཤེས་བྱའི་དགའ་ཚལ》ལས་དྲངས།
རྩོམ་སྒྲིག་པ། གསང་བདག་རྒྱལ།
ཕ་མར་ནར་མ་སོན་པའི་བུ་ཕྲུག་གསོ་སྐྱོང་བྱེད་པའི་འོས་འགན་གང་དག་ཡོད།