འཇོག་མི་རུང་བའི་ངལ་རྩོལ་གན་རྒྱ་རིགས་བདུན།

ངལ་རྩོལ་གན་རྒྱ་ཞེས་པ་ནི་ངལ་རྩོལ་པ་དང་མི་བཀོལ་སྡེ་ཁག་བར་གྱི་ངལ་རྩོལ་འབྲེལ་བ་གཏན་འཁེལ་བྱེད་པ་དང་། ཕྱོགས་གཉིས་ཀྱི་དབང་ཆ་དང་འོས་འགན་གསལ་པོ་བྱས་པའི་གྲོས་མཐུན་ཡི་གེ་ལ་གོ། མི་མང་པོ་ཞིག་གིས་ངལ་རྩོལ་གན་རྒྱ་ལག་ཏུ་བླངས་རྗེས་ནང་དོན་ལ་གསལ་པོར་མི་བལྟ་བར་མིང་ཐོ་འགོད་ཀྱིན་ཡོད་མོད། འོན་ཀྱང་གན་རྒྱའི་སྟེང་དུ་བྱེ་བྲག་གི་ནང་དོན་གང་དག་ཡོད་པ་དང་། གན་རྒྱའི་རིགས་གང་དག་འཇོག་མི་རུང་བ་སོགས་ཀྱི་གནས་ཚུལ་གང་ཡང་ཤེས་ཀྱིན་མེད། ཉེ་ཆར། ཟི་ལིང་གྲོང་ཁྱེར་སྤྱི་བདེ་ཅུས་ཀྱིས་གསར་འགྱུར་ཁྱབ་བསྒྲགས་བྱས་ཏེ། རྒྱ་ཆེའི་ངལ་རྩོལ་པ་རྣམས་ལ་གཤམ་གྱི་ངལ་རྩོལ་གན་རྒྱ་རིགས་བདུན་འཇོག་མི་རུང་བའི་དྲན་སྐུལ་བཏང་།

སྟབས་བདེའི་གན་རྒྱ།

གན་རྒྱ་འདིའི་རིགས་ནི་སྤྱིར་བཏང་གྲོགས་པོ་དང་གཉེན་ཉེ། ངོ་ཤེས་བཅས་ཀྱིས་མཚམས་སྦྱོར་བྱས་པའི་མི་བཀོལ་སྡེ་ཁག་གིས་ཁ་ངོ་ལ་ལྟ་བ་དང་ཡང་ན་དཀའ་ཚེགས་ལ་འཛེམས་ཏེ། ངག་ཐོག་གི་འདོད་བློ་ཙམ་བཤད་པ་ལས་དོན་དངོས་ཀྱི་ཡིག་ཐོག་གི་གན་རྒྱ་བྲིས་ནས་མིང་རྟགས་འགོད་ཀྱིན་མེད་པ་རེད། དེའི་རྐྱེན་གྱིས་གལ་ཏེ་རྩོད་གཞི་འདྲ་བྱུང་སྐབས། དཔང་རྟགས་གང་ཡང་མེད་དོ། །

ངག་ཐོག་གི་གན་རྒྱ།

མི་བཀོལ་སྡེ་ཁག་དང་ངལ་རྩོལ་པ་གཉིས་ཀྱི་བར་ལ་ངལ་རྩོལ་གན་རྒྱ་བཞག་ཡོད་མོད།འོན་ཀྱང་ནང་དོན་ཧ་ཅང་སྟབས་བདེ་བ་དང་ཚང་དགོས་པའི་ནང་དོན་གང་ཡང་ཚང་མེད་ལ། བྱེ་བྲག་གི་གཅུན་ནུས་གང་ཡང་མེད་པ་རེད།དཔེར་ན་མི་བཀོལ་སྡེ་ཁག་གིས་ངལ་རྩོལ་གན་རྒྱ་མཚམས་འཇོག་པ་དང་ཁ་ཆད་དང་འགལ་བ་སོགས་ཀྱི་བྱ་སྤྱོད་རྩད་གཅོད་པའི་དོན་ཚན་ཙམ་ལས་མེད།

གསང་བའི་གན་རྒྱ་དང་ཡང་ན་ཕྱོགས་གཅིག་ལ་ཞེན་པའི་གན་རྒྱ།

གན་རྒྱ་འདིའི་རིགས་ཀྱི་ནང་དོན་ནི་རྒྱུན་དུ་མི་བཀོལ་སྡེ་ཁག་ལ་ཞེན་ཡོད། མང་ཤས་ཤིག་མི་བཀོལ་སྡེ་ཁག་གིས་སྔོན་ནས་རང་ཉིད་ཀྱི་ཁེ་ཕན་དང་བསྟུན་ནས་བཟོས་པ་ཡིན་པས།མི་བཀོལ་སྡེ་ཁག་གི་དབང་ཆ་དང་ངལ་རྩོལ་པའི་འོས་འགན་ནན་བཤད་བྱས་ཡོད་པ་ལས། ངལ་རྩོལ་པའི་ཁེ་ཕན་དང་འབྲེལ་བའི་ནང་དོན་ཧ་ཅང་ཉུང་བར་མ་ཟད། ངལ་རྩོལ་པའི་བསམ་འཆར་སྡུད་ལེན་ཡང་མི་བྱེད་པ་རེད། གན་རྒྱ་འདིའི་རིགས་ནང་དོན་གསལ་པོ་མིན་ལ་འགྲེལ་བཤད་དབང་ཆ་གང་འདོད་དུ་སྤྱད་ཡོད།

གཏའ་མ་འཇོག་པའི་གན་རྒྱ།

མི་བཀོལ་སྡེ་ཁག་ཁ་ཤས་ཤིག་གིས་ངལ་རྩོལ་པར་ཐོབ་ཐང་ལག་ཁྱེར་དང་རྒྱུ་ནོར་སོགས་གཏའ་མར་བཞག་རྗེས་ད་གཟོད་ལས་ཀར་ཞུགས་ཆོག་པར་བཤད་པ་དང་། མི་བཀོལ་སྡེ་ཁག་གིས་རང་འདོད་ལྟར་ངལ་རྩོལ་པ་ཕྱིར་ཕུད་སྐབས། ཁ་གཡར་ས་མང་པོ་མང་པོ་ཞིག་བཙལ་ཏེ་གཏའ་མར་བཞག་པའི་དངོས་པོ་ཕྱིར་མི་སློག་པ་རེད། 《ངལ་རྩོལ་གན་རྒྱ》ཡི་དོན་ཚན་དགུ་པའི་ནང་དུ“མི་བཀོལ་སྡེ་ཁག་གིས་ངལ་རྩོལ་པ་སྡུད་ལེན་བྱེད་སྐབས། ངལ་རྩོལ་པའི་གཞིས་དམངས་ཐོབ་ཐང་ལག་ཁྱེར་དང་དཔང་ཡིག་གཞན་པ་བཀག་ཉར་བྱེད་མི་ཆོག་པ་དང་། ངལ་རྩོལ་པར་གཏའ་མ་འཇོག་དགོས་པའི་རེ་བ་འདོན་པ་དང་ཡང་ན་ངལ་རྩོལ་པའི་ལག་ནས་སྒོར་མོ་བསྡུ་མི་ཆོག་པ”གཏན་འཁེལ་བྱས་ཡོད།

ངོས་གཉིས་གན་རྒྱ།

མི་བཀོལ་སྡེ་ཁག་ཁ་ཤས་ཀྱིས་ངལ་རྩོལ་འགན་སྲུང་སྡེ་ཁག་གི་ཞིབ་བཤེར་ལ་གཡོལ་ཆེད། གན་རྒྱ་གཉིས་གྲ་སྒྲིག་བྱས་པ་དང་།གཅིག་ནི་ཚད་ལྡན་དང་ཁྲིམས་མཐུན་གྱི་གན་རྒྱ་ཡིན་ལ། དེ་ནི་མི་བཀོལ་སྡེ་ཁག་གིས་དོ་དམ་བྱས་ཏེ་ཞིབ་བཤེར་བྱེད་པར་གཡོལ་ཆེད་ལས་དོན་དངོས་སུ་ལག་བསྟར་བྱེད་ཀྱིན་མེད་པ་རེད། གཅིག་ནི་ཚད་ལྡན་མིན་པ་དང་ཁྲིམས་མཐུན་ཡང་མིན་པའི་གན་རྒྱ་ཡིན་པས་ཕྱོགས་གཉིས་ཀས་བཟུང་སྟེ་དངོས་སུ་ལག་བསྟར་བྱེད་ཀྱིན་ཡོད།

“མི་ལུས་རང་དབང”ལ་གནོད་པའི་གན་རྒྱ།

མི་བཀོལ་སྡེ་ཁག་ཁ་ཤས་ཀྱིས་ངལ་རྩོལ་པར་ངེས་པར“བཟོ་གྲྭའི་སྒྲིགས་ལམ་དང་སྒྲིགས་ཁྲིམས”བརྩི་དགོས་པར་བཤད་པ་དང་། སྒྲིགས་ལམ་དེ་དག་བེད་སྤྱད་དེ་ངལ་རྩོལ་པར་ལས་དུས་ཁ་སྣོན་བྱེད་དགོས་པའི་རེ་བ་བཏོན་ཅིང་། བཙན་གྱིས་ལས་ཀ་ལས་སུ་འཇུག་པ་དེ་ཁྲིམས་མཐུན་ཡིན་ཁུལ་བྱས་པ་དང་། ཐ་ན་ཟ་མ་བཟའ་བ་དང་སྤྱོད་ཁང་དུ་འགྲོ་བར་ཡང་དུས་ཚོད་གཏན་འཁེལ་བྱས་ཏེ། ངལ་རྩོལ་པའི་མི་ལུས་རང་དབང་ལ་གནོད་པ་ཐེབས་ཀྱིན་ཡོད།

“ཤི་གསོན་ལ་འགན་མི་འཁུར་བའི”གན་རྒྱ།

མི་བཀོལ་སྡེ་ཁག་ཁ་ཤས་ཀྱིས་འགན་འཁྲི་ལ་གཡོལ་ཆེད། གན་རྒྱའི་ནང་དུ“རྨས་སྐྱོན་བྱུང་ན་རང་ཉིད་ཀྱིས་འགན་འཁུར་དགོས་པ་ལས། ཁེ་ལས་ཀྱིས་འགན་འཁྲི་གང་ཡང་མི་འཁུར”སོགས་ཀྱི་ནང་དོན་བྲིས་ཡོད་པ་རེད། ངལ་རྩོལ་གན་རྒྱ་འདིའི་རིགས་ནི་མང་ཆེ་ཤོས་ཨར་ལས་དང་བཟོ་ལས། གཏེར་ཁུངས་སོགས་ཉེན་ཁ་ཆེ་བའི་ལས་རིགས་ཁྲོད་འབྱུང་བཞིན་ཡོད། སྐབས་དེར་ངལ་རྩོལ་པར་སྟབས་ལེགས་འབྱུང་བའི་སེམས་ཁམས་ཡོད་མི་རུང་བར་གན་རྒྱའི་ནང་དོན་ལ་གསལ་པོར་ལྟ་དགོས། གལ་ཏེ་སྟབས་མ་ལེགས་པར་རྨས་སྐྱོན་བྱུང་ན་གྲོན་དངུལ་འབོར་ཆེན་གཏོང་བའི་གནད་དོན་ལ་ཐུག་ཡོད། གན་རྒྱ་འདིའི་རིགས་བཞག་ཟིན་ནའང་། ཅིག་ཤོས་ཀྱི་རྒྱུ་རྐྱེན་དབང་གིས་ལས་རྨས་བྱུང་བ་ཡིན་ན། ངལ་རྩོལ་པས་སྔར་བཞིན་ངལ་རྩོལ་འགན་སྲུང་སྡེ་ཁག་དང་ཡང་ན་ཁྲིམས་ལུགས་སྡེ་ཁག་ལ་འདུམ་སྒྲིག་བྱེད་རྒྱུའི་རེ་བ་འདོན་པ་དང་ཡང་ན་གཏུག་བཤེར་བྱེད་ཆོག

བཅའ་ཁྲིམས་ཀྱི་ཁུངས་ལུང་།

《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ངལ་རྩོལ་གན་རྒྱའི་བཅའ་ཁྲིམས》ཀྱི་དོན་ཚན་གྱ་གཉིས་པའི་ནང་དུ“མི་བཀོལ་སྡེ་ཁག་གིས་མི་བཀོལ་བའི་ཉིན་དེ་ནས་བཟུང་སྟེ་ཟླ་གཅིག་གི་ཡན་དང་ལོ་གཅིག་གི་མན་ལ་ངལ་རྩོལ་པ་དང་ཡིག་ངོས་ཀྱི་ངལ་རྩོལ་གན་རྒྱ་མ་བཞག་ན། ངལ་རྩོལ་པར་ཟླ་རེར་ལྡབ་གཉིས་ཀྱི་ཟླ་ཕོགས་སྟེར་དགོས་པ”གཏན་འཁེལ་བྱས་ཡོད།

གལ་ཏེ་མི་བཀོལ་སྡེ་ཁག་གིས་ངལ་རྩོལ་གན་རྒྱ་མི་འཇོག་ན། ངལ་རྩོལ་པས་ངལ་རྩོལ་འདུམ་སྒྲིག་སྡེ་ཁག་ལ་གཏུགས་ནས་མི་བཀོལ་སྡེ་ཁག་གིས་ལྡབ་གཉིས་ཀྱི་ཟླ་ཕོགས་སྟེར་དུ་འཇུག་དགོས་པའི་རེ་བ་བཏོན་ཆོག མི་བཀོལ་སྡེ་ཁག་གིས་ངལ་རྩོལ་པར་ངལ་རྩོལ་གན་རྒྱ་མི་འཇོག་པའི་གནས་ཚུལ་འོག ངལ་རྩོལ་པས་ངལ་རྩོལ་འབྲེལ་བ་ཡོད་པ་བདེན་དཔང་བྱེད་དགོས་ན་གཤམ་གྱི་དཔང་རྟགས་འདི་དག་དགོས་པ་སྟེ།ཟླ་ཕོགས་བྱིན་པའི་ཟིན་ཐོ་སྟེ།དཔེར་ན་ཐེལ་ཙེ་བརྒྱབ་པའི་ཟླ་ཕོགས་འཛིན་ཡིག་དང་ཟླ་ཕོགས་བྱང་བུ། དངུལ་ཁང་གི་ཟིན་ཐོ་སོགས་དང་། ལས་ཀར་ཞུགས་པའི་བྱང་བུ་དང་ལས་ཀའི་དཔང་ཡིག་སོགས། སྤྱི་ཚོགས་ཉེན་སྲུང་དངུལ་སྤྲད་པའི་ཟིན་ཐོ་སོགས་ངལ་རྩོལ་འབྲེལ་བ་ཡོད་པ་བདེན་དཔང་བྱེད་ཐུབ་པའི་དཔང་རྟགས་ཡོངས་རྫོགས་ཡིན་ནོ།   །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།