《སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་བྱེད་པའི་དམིགས་འབེན་ལ་དཔྱད་འཇོག་དང་དཔྱད་ཞིབ་བྱེད་ཐབས》

ལེའུ་དང་པོ། སྤྱིའི་རྩ་དོན།

དོན་ཚན་དང་པོ། ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ་དང་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་དང་བཞི་པ། ལྔ་པ། དྲུག་པ་བཅས་ཀྱི་དགོངས་དོན་ལག་ལེན་མཐར་ཕྱིན་དང་། ལྗང་མདོག་འཕེལ་རྒྱས་ཇེ་མགྱོགས་སུ་གཏོང་བ། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་བྱེད་པར་སྐུལ་འདེད་གཏོང་བ། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་བྱེད་པའི་དམིགས་འབེན་ལ་དཔྱད་འཇོག་དང་ཞིབ་བཤེར་བྱེད་པའི་བྱ་བ་ཚད་ལྡན་དུ་གཏོང་བ་བཅས་ཀྱི་ཆེད་དུ། འབྲེལ་ཡོད་ཏང་ནང་གི་སྒྲིགས་སྲོལ་དང་རྒྱལ་ཁབ་ཀྱི་བཅའ་ཁྲིམས་ཁྲིམས་སྲོལ་ལྟར། བྱེད་ཐབས་འདི་གཏན་ལ་ཕབ་པ་ཡིན།

དོན་ཚན་གཉིས་པ། བྱེད་ཐབས་འདི་ནི་ཞིང་ཆེན་དང་རང་སྐྱོང་ལྗོངས། ཐད་གཏོགས་གྲོང་ཁྱེར་སོ་སོའི་ཏང་ཨུ་དང་སྲིད་གཞུང་གི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་བྱེད་པའི་དམིགས་འབེན་ལ་དཔྱད་འཇོག་དང་དཔྱད་ཞིབ་བྱེད་པའི་ཐད་སྤྱོད་པར་འཚམ།

དོན་ཚན་གསུམ་པ། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་བྱེད་པའི་དམིགས་འབེན་ལ་དཔྱད་འཇོག་དང་དཔྱད་ཞིབ་བྱེད་པར་ཏང་སྲིད་གཉིས་ཀྱིས་འགན་འཁྲི་མཉམ་འཁུར་དང་། ས་གནས་ཏང་ཨུ་དང་སྲིད་གཞུང་གི་མགོ་ཁྲིད་ཁོངས་མིས་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ཐད་ལས་རྐང་གཅིག་ལ་འགན་འཁྲི་གཉིས་ལག་བསྟར་བྱས་ཏེ། ལུགས་མཐུན་དྲང་གཞག་དང་ཚན་རིག་དང་མཐུན་ལ་ཚད་ལྡན་ཡིན་པ། གཙོ་གནད་འབུར་ཐོན། ཕན་འབྲས་ལ་དོ་སྣང་། བྱ་དགའ་དང་ཆད་གཅོད་མཉམ་དུ་ལག་བསྟར་བྱེད་པའི་རྩ་དོན་ལྟར་སྤེལ་དགོས།

དོན་ཚན་བཞི་པ། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་བྱེད་པའི་དམིགས་འབེན་ལ་དཔྱད་འཇོག་དང་དཔྱད་ཞིབ་བྱེད་པ་དེ་ཐོན་ཁུངས་ཁོར་ཡུག་གི་སྐྱེ་ཁམས་ཁྱབ་ཁོངས་དང་འབྲེལ་བའི་ཆེད་དམིགས་དཔྱད་ཞིབ་བྱས་པའི་རྨང་གཞིའི་ཐོག་ཕྱོགས་བསྡུས་ཀྱིས་སྤེལ་དགོས་པ་དང་། དཔྱད་འཇོག་དང་དཔྱད་ཞིབ་ཕན་ཚུན་ཟུང་འབྲེལ་བྱེད་པའི་བྱེད་ཐབས་སྤྱད་དེ། ལོ་རེར་དཔྱད་འཇོག་རེ་དང་ལོ་ལྔ་རེར་དཔྱད་ཞིབ་བྱེད་དགོས།

དཔྱད་འཇོག་བྱ་རྒྱུ་གཙོ་བོ་ནི་ས་ཆ་སོ་སོའི་ལོ་སྔོན་མའི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ཕྱོགས་ཀྱི་འཕེལ་ཚུལ་ལ་དཔྱད་དཔག་དང་། ས་ཆ་སོ་སོའི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་བྱེད་པའི་འབྲེལ་ཡོད་བྱ་བ་དངོས་འབེབས་བྱེད་པར་ཁྲིད་སྟོན་བྱེད་ཅིང་ལོ་རེར་ཐེངས་གཅིག་སྤེལ་དགོས། དཔྱད་ཞིབ་བྱ་རྒྱུ་གཙོ་བོ་ནི་ས་ཆ་སོ་སོའི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་བྱེད་པའི་དམིགས་འབེན་དང་ལས་འགན་གལ་ཆེན་གྲུབ་ཚུལ་ལ་བརྟག་དཔྱད་དང་། ཞིང་ཆེན་རིམ་པའི་ཏང་ཨུ་དང་སྲིད་གཞུང་གི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ཐད་ཀྱི་གཙོ་བདག་འགན་འཁྲི་ཇེ་དྲག་ཏུ་གཏོང་བ། ས་ཆ་སོ་སོར་རང་རྟོགས་སྒོས་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་བྱེད་པར་སྐུལ་འདེད་གཏོང་བ་བཅས། ལོ་ལྔ་རེའི་འཆར་འགོད་དུས་ཡུན་མཇུག་རྫོགས་རྗེས་ཐེངས་རེར་སྤེལ་དགོས།

ལེའུ་གཉིས་པ། དཔྱད་འཇོག

དོན་ཚན་ལྔ་པ། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་བྱས་པར་ལོ་རེའི་དཔྱད་འཇོག〔གཤམ་དུ་ལོ་རེའི་དཔྱད་འཇོག་ཅེས་བསྡུས་ཡོད〕བྱ་བ་དེ་རྒྱལ་ཁབ་སྡོམ་རྩིས་ཅུས་དང་རྒྱལ་ཁབ་འཕེལ་རྒྱས་བཅོས་བསྒྱུར་ཨུ་ཡོན་ལྷན་ཁང་།ཁོར་ཡུག་སྲུང་སྐྱོབ་པུའུ་བཅས་ཀྱིས་འབྲེལ་ཡོད་སྡེ་ཁག་དང་མཉམ་དུ་རྩ་འཛུགས་བྱས་ནས་ལག་བསྟར་བྱེད་དགོས།

དོན་ཚན་དྲུག་པ། ལོ་རེའི་དཔྱད་འཇོག་ནི་ལྗང་མདོག་འཕེལ་རྒྱས་ཀྱི་དམིགས་ཚད་མ་ལག་ལྟར་ལག་བསྟར་དང་། གཙོ་བོ་ས་ཆ་སོ་སོའི་ཐོན་ཁུངས་བེད་སྤྱོད་དང་ཁོར་ཡུག་ལེགས་བཅོས། ཁོར་ཡུག་གི་སྤུས་ཀ སྐྱེ་ཁམས་སྲུང་སྐྱོབ། སྤུས་ཀ་ཇེ་མཐོ། ལྗང་མདོག་གི་འཚོ་བ། མང་ཚོགས་ཀྱི་ཡིད་ཚིམ་ཚད་སོགས་ཕྱོགས་ཀྱི་འགྱུར་ལྡོག་གནས་བབ་དང་འགུལ་ཚུལ་འཕེལ་རྒྱས་ལ་དཔྱད་དཔག་བྱས་ཏེ། ས་ཆ་སོ་སོའི་ལྗང་མདོག་འཕེལ་རྒྱས་ཀྱི་དམིགས་ཚད་ཆགས་སུ་འཇུག་དགོས།

ལྗང་མདོག་འཕེལ་རྒྱས་ཀྱི་དམིགས་ཚད་མ་ལག་ནི་རྒྱལ་ཁབ་སྡོམ་རྩིས་ཅུས་དང་རྒྱལ་ཁབ་འཕེལ་རྒྱས་དང་བཅོས་བསྒྱུར་ཨུ་ཡོན་ལྷན་ཁང་། ཁོར་ཡུག་སྲུང་སྐྱོབ་པུའུ་བཅས་ཀྱིས་འབྲེལ་ཡོད་སྡེ་ཁག་དང་མཉམ་དུ་གཏན་འཁེལ་བྱེད་པ་དང་། རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་འཆར་འགོད་རྩ་གནད། གཞན་ད་རུང་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་འཕེལ་རྒྱས་གནས་ཚུལ་བཅས་ལྟར་ལེགས་སྒྲིག་འོས་འཚམ་བྱེད་ཆོག

དོན་ཚན་བདུན་པ། ལོ་རེའི་དཔྱད་འཇོག་ནི་ལོ་རེའི་ཟླ8པའི་ཟླ་མཇུག་བར་འགྲུབ་དགོས།

དོན་ཚན་བརྒྱད་པ། ལོ་རེའི་དཔྱད་འཇོག་དེ་ངེས་པར་སྤྱི་ཚོགས་སྟེང་བསྒྲག་དགོས་པར་མ་ཟད། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་དམིགས་འབེན་དཔྱད་ཞིབ་ནང་འཇོག་དགོས། 

ལེའུ་གསུམ་པ། དཔྱད་ཞིབ།    

དོན་ཚན་དགུ་པ། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་བྱེད་པའི་དམིགས་འབེན་དཔྱད་ཞིབ〔གཤམ་དུ་དམིགས་འབེན་དཔྱད་ཞིབ་ཞེས་བསྡུས་ཡོད〕བྱ་བ་ནི་རྒྱལ་ཁབ་འཕེལ་རྒྱས་དང་བཅོས་བསྒྱུར་ཨུ་ཡོན་ལྷན་ཁང་དང་ཁོར་ཡུག་སྲུང་སྐྱོབ་པུའུ། ཀྲུང་དབྱང་རྩ་འཛུགས་པུའུ་བཅས་ཀྱིས་སྣེ་ཁྲིད་དེ། ནོར་སྲིད་པུའུ་དང་རྒྱལ་ཁབ་མངའ་ཁོངས་ཐོན་ཁུངས་པུའུ།ཆུ་བེད་པུའུ། ཞིང་ལས་པུའུ། རྒྱལ་ཁབ་སྡོམ་རྩིས་ཅུས། རྒྱལ་ཁབ་ནགས་ལས་ཅུས། རྒྱལ་ཁབ་མཚོ་ཁོངས་ཅུས་སོགས་སྡེ་ཁག་དང་མཉམ་དུ་རྩ་འཛུགས་བྱས་ནས་ལག་བསྟར་བྱེད་དགོས།

དོན་ཚན་བཅུ་པ། དམིགས་འབེན་དཔྱད་ཞིབ་བྱེད་པའི་ནང་དོན་ལ་གཙོ་བོ་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་འཆར་འགོད་རྩ་གནད་ཁྲོད་གཏན་འཁེལ་བྱས་ཡོད་པའི་ཐོན་ཁུངས་ཁོར་ཡུག་གི་གཅུན་ནུས་དམིགས་ཚད་དང་། གཞན་ད་རུང་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་བཀོད་སྒྲིག་བྱས་པའི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་དམིགས་འབེན་ལས་འགན་ཆེན་པོ་བསྒྲུབས་ཚུལ་འདུས་པས། མང་ཚོགས་ཀྱི་ཐོབ་སྣང་འབུར་དུ་དོད་ཡོད། དཔྱད་ཞིབ་དམིགས་འབེན་མ་ལག་ནི་རྒྱལ་ཁབ་འཕེལ་རྒྱས་དང་བཅོས་བསྒྱུར་ཨུ་ཡོན་ལྷན་ཁང་དང་ཁོར་ཡུག་སྲུང་སྐྱོབ་པུའུ་ཡིས་འབྲེལ་ཡོད་སྡེ་ཁག་དང་མཉམ་དུ་གཏན་འཁེལ་བྱེད་པ་དང་། རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་འཆར་འགོད་རྩ་གནད། གཞན་ད་རུང་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་འཕེལ་རྒྱས་གནས་ཚུལ་བཅས་ལྟར་ལེགས་སྒྲིགས་འོས་འཚམ་བྱེད་ཆོག

འབྲེལ་ཡོད་སྡེ་ཁག་གིས་རྒྱལ་ཁབ་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་བྱེད་པའི་སྤྱིའི་བླང་བྱ་ལྟར། ས་ཆ་སོ་སོའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཆུ་ཚད་དང་ཐོན་ཁུངས་ཁོར་ཡུག་བཟང་མིན་དང་སྦྲེལ་ཏེ། དཔྱད་ཞིབ་དམིགས་འབེན་དེ་ཚན་རིག་དང་མཐུན་ཞིང་ལུགས་དང་མཐུན་པའི་སྒོ་ནས་ཞིང་ཆེན་དང་རང་སྐྱོང་ལྗོངས། ཐད་གཏོགས་གྲོང་ཁྱེར་བཅས་ལ་བགོས་ནས་དངོས་འབེབས་བྱེད་དགོས།

དོན་ཚན་བཅུ་གཅིག་པ། དམིགས་འབེན་དཔྱད་ཞིབ་ནི་ལོ་ལྔའི་འཆར་འགོད་དུས་ཡུན་མཇུག་རྫོགས་རྗེས་ཀྱི་ཕྱི་ལོར་སྤེལ་དགོས་པར་མ་ཟད། ཟླ9པའི་ཟླ་མཇུག་གི་སྔོན་ལ་འགྲུབ་དགོས། ཞིང་ཆེན་དང་རང་སྐྱོང་ལྗོངས། ཐད་གཏོགས་གྲོང་ཁྱེར་སོ་སོའི་ཏང་ཨུ་དང་སྲིད་གཞུང་གིས་དཔྱད་ཞིབ་དམིགས་འབེན་མ་ལག་ལྟར་རང་བཤེར་བྱེད་དགོས་ལ། ལོ་ལྔའི་འཆར་འགོད་དུས་ཡུན་མཇུག་རྫོགས་རྗེས་ཀྱི་ཕྱི་ལོའི་ཟླ6པའི་ཟླ་མཇུག་གི་སྔོན་ལ། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་ལ་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་བྱེད་པའི་དམིགས་འབེན་ལས་འགན་བསྒྲུབས་པའི་གནས་ཚུལ་རང་བཤེར་སྙན་ཞུ་སྤྲོད་དགོས་པར་མ་ཟད། དཔྱད་ཞིབ་སྣེ་ཁྲིད་སྡེ་ཁག་ལའང་སྐྱེལ་དགོས། ཐོན་ཁུངས་དང་ཁོར་ཡུག སྐྱེ་ཁམས་བཅས་ཁྱབ་ཁོངས་ཀྱི་འབྲེལ་ཡོད་ཆེད་དམིགས་དཔྱད་ཞིབ་ལག་བསྟར་བྱེད་པའི་སྡེ་ཁག་གིས་ངེས་པར་ལོ་ལྔའི་འཆར་འགོད་དུས་ཡུན་མཇུག་རྫོགས་རྗེས་ཀྱི་ཕྱི་ལོའི་ཟླ6པའི་ཟླ་མཇུག་གི་སྔོན་ལ། ལོ་ལྔའི་ཆེད་དམིགས་དཔྱད་ཞིབ་གི་མཇུག་འབྲས་དེ་དཔྱད་ཞིབ་སྣེ་ཁྲིད་སྡེ་ཁག་ལ་སྤྲོད་དགོས།

དོན་ཚན་བཅུ་གཉིས་པ། དམིགས་འབེན་དཔྱད་ཞིབ་ལ་དཔྱད་བསྡུར་སྐར་གྲངས་བརྒྱ་ཆའི་འགོད་ཐབས་དང་གཅུན་པའི་རང་བཞིན་གྱི་དམིགས་ཚད་བསྒྲུབས་པའི་གནས་ཚུལ་སོགས་ཕན་ཚུན་ཟུང་འབྲེལ་གྱི་བྱེད་ཐབས་སྤྱོད་ཅིང་། དཔྱད་ཞིབ་མཇུག་འབྲས་ནི་ཕུལ་བྱུང་དང་ཅུང་བཟང་བ། ཚད་ལྡན། ཚད་ལྡན་མིན་པ་བཅས་རིམ་པ་བཞི་རུ་དབྱེ་དགོས། དཔྱད་ཞིབ་སྣེ་ཁྲིད་སྡེ་ཁག་གིས་ས་ཆ་སོ་སོའི་དཔྱད་ཞིབ་གྱི་དོན་དངོས་སྐར་གྲངས་དང་དེའི་འབྲེལ་ཡོད་གནས་ཚུལ་ཕྱོགས་སྡོམ་བྱས་ཏེ། དཔྱད་ཞིབ་རིམ་པ་བགར་བ་དང་དཔྱད་ཞིབ་མཇུག་འབྲས་ཐག་གཅོད་སོགས་ཀྱི་གྲོས་གཞི་འདོན་པར་མ་ཟད། མགོ་ཁྲིད་ལས་བྱེད་པ་རང་བྱུང་ཐོན་ཁུངས་རྒྱུ་ནོར་གྱི་ལས་རྐང་ལས་འབུད་པའི་རྩིས་བཤེར་དང་མགོ་ཁྲིད་ལས་བྱེད་པ་ཁོར་ཡུག་སྲུང་སྐྱོབ་འགན་འཁྲིའི་ལས་རྐང་ལས་འབུད་པའི་རྩིས་བཤེར། ཁོར་ཡུག་སྲུང་སྐྱོབ་ལྟ་སྐུལ་ཞིབ་བཤེར་སོགས་ཀྱི་མཇུག་འབྲས་བཅས་དང་ཟུང་དུ་སྦྲེལ་ཏེ། དཔྱད་ཞིབ་སྙན་ཞུ་འབུལ་དགོས།

དཔྱད་ཞིབ་རིམ་པ་བགོ་སྟངས་ནི་དཔྱད་ཞིབ་སྣེ་ཁྲིད་སྡེ་ཁག་གིས་དོན་དངོས་གནས་ཚུལ་དང་བསྟུན་ནས་བསྐྱར་དུ་གཏན་འཁེལ་བྱེད་ཆོག

དོན་ཚན་བཅུ་གསུམ་པ། དཔྱད་ཞིབ་སྙན་ཞུ་ལ་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཞིབ་བཤེར་གཏན་འབེབས་བྱས་རྗེས་སྤྱི་ཚོགས་སྟེང་དུ་བསྒྲག་པ་དང་།དཔྱད་ཞིབ་མཇུག་འབྲས་དེ་ཞིང་ཆེན་དང་རང་སྐྱོང་ལྗོངས། ཐད་གཏོགས་གྲོང་ཁྱེར་སོ་སོའི་ཏང་སྲིད་མགོ་ཁྲིད་ཚན་ཁག་དང་མགོ་ཁྲིད་ལས་བྱེད་པའི་ཕྱོགས་བསྡུས་དཔྱད་ཞིབ་དང་གདེང་འཇོག ལས་བྱེད་པར་བྱ་དགའ་དང་ཆད་པ་གཅོད་པ། ལས་རྐང་ནས་འབབ་པ་བཅས་ཀྱི་གཞིར་འཛིན་ས་གཙོ་བོ་བྱེད་དགོས།

དཔྱད་ཞིབ་རིམ་པ་ཕུལ་བྱུང་ཡིན་ཞིང་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་བྱ་བའི་གྲུབ་འབྲས་འབུར་ཐོན་ཡིན་པའི་ས་ཁུལ་ལ་བརྡ་ཁྱབ་སྤེལ་ནས་བསྔགས་བརྗོད་དང་། དཔྱད་ཞིབ་རིམ་པ་ཚད་ལྡན་མིན་པའི་ས་ཁུལ་ལ་བརྡ་ཁྱབ་སྤེལ་ནས་སྐྱོན་བརྗོད་བྱེད་དགོས་པར་མ་ཟད། དེའི་ཏང་སྲིད་འགན་འཁྲི་པ་གཙོ་བོར་ཁ་བརྡ་བྱས་ཏེ། དུས་བཅད་ལྟར་ལེགས་སྒྲིག་བྱེད་པའི་བླང་བྱ་འདོན་དགོས། སྐྱེ་ཁམས་ཁོར་ཡུག་ལ་གནོད་འཚེ་ཐེབས་ཚད་མངོན་གསལ་ཡིན་པ་དང་། འགན་འཁྲིའི་དོན་རྐྱེན་བྱུང་བ་མང་བའི་ས་ཁུལ་གྱི་ཏང་སྲིད་འགན་འཁྲི་པ་གཙོ་བོ་དང་འབྲེལ་ཡོད་འགན་འཁྲི་པར〔ལས་རྐང་ནས་བུད་པ་དང་གོ་གནས་འཕར་བ། ལས་འཁྱུར་ངལ་གསོ་བྱས་ཟིན་པ་སོགས་འདུས〕། 《ཏང་སྲིད་མགོ་ཁྲིད་ལས་བྱེད་པའི་སྐྱེ་ཁམས་ཁོར་ཡུག་གནོད་འཚེ་འགན་འཁྲི་རྩད་གཅོད་བྱེད་ཐབས〔ཚོད་སྤྱོད〕》སོགས་ཀྱི་གཏན་འཁེལ་ལྟར། འགན་འཁྲི་རྩད་གཅོད་བྱེད་དགོས།

ལེའུ་བཞི་པ། ལག་བསྟར།

དོན་ཚན་བཅུ་བཞི་པ། རྒྱལ་ཁབ་འཕེལ་རྒྱས་དང་བཅོས་བསྒྱུར་ཨུ་ཡོན་ལྷན་ཁང་དང་ཁོར་ཡུག་སྲུང་སྐྱོབ་པུའུ། ཀྲུང་དབྱང་རྩ་འཛུགས་པུའུ་བཅས་ཀྱིས་རྒྱལ་ཁབ་སྡོམ་རྩིས་ཅུས་སོགས་སྡེ་ཁག་དང་མཉམ་དུ་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་བྱེད་པའི་དམིགས་འབེན་དཔྱད་འཇོག་དཔྱད་ཞིབ་ཀྱི་པུའུ་རིམ་པའི་རོགས་ལས་ནང་རྐྱེན་བཙུགས་ཏེ། དཔྱད་འཇོག་དཔྱད་ཞིབ་བྱ་བའི་གནད་དོན་ཆེན་པོར་ཞིབ་འཇུག་བྱེད་པ་དང་། དཔྱད་ཞིབ་རིམ་པ་བགོ་བ་དང་དཔྱད་ཞིབ་མཇུག་འབྲས་ཐག་གཅོད་པ་སོགས་ཀྱི་གྲོས་གཞི་བཏོན་ནས། དཔྱད་འཇོག་སྙན་ཞུ་འབུལ་བར་དཔྱད་བསྡུར་དང་། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་ལ་སྤྲད་དེ་ཞིབ་བཤེར་གཏན་འབེབས་བྱེད་དུ་འཇུག་དགོས།

དོན་ཚན་བཅོ་ལྔ་པ། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་བྱེད་པའི་དམིགས་འབེན་དཔྱད་འཇོག་དཔྱད་ཞིབ་ལ་འབྲེལ་ཡོད་སྡེ་ཁག་གིས་རྩ་འཛུགས་བྱས་ནས་ཆེད་དམིགས་དཔྱད་ཞིབ་ངོས་འཛིན་པའི་གཞི་གྲངས་དང་། འབྲེལ་ཡོད་སྡོམ་རྩིས་དང་ལྟ་སྐུལ་ཚད་ལེན་གྱི་གཞི་གྲངས། གཞན་ད་རུང་རང་བྱུང་ཐོན་ཁུངས་རྒྱུ་ནོར་གྱི་བུན་ཟུག་རེའུ་མིག་བཟོས་པའི་གཞི་གྲངས་མཇུག་འབྲས་དང་། དགོས་ངེས་ཀྱི་སྐབས་སུ་དཔྱད་འཇོག་དཔྱད་ཞིབ་སྣེ་ཁྲིད་སྡེ་ཁག་གིས་ཆེད་དམིགས་དཔྱད་ཞིབ་སོགས་ཀྱི་གཞི་གྲངས་ལ་ཞིབ་བསྡུར་བྱེད་དགོས།

རང་བྱུང་གནོད་འཚེ་སོགས་མིས་བཟོས་མ་ཡིན་པའི་རྒྱུ་རྐྱེན་གྱིས་འབྲེལ་ཡོད་དཔྱད་ཞིབ་དམིགས་འབེན་མ་འགྲུབ་ན། གཙོ་གཉེར་སྡེ་ཁག་གིས་ཞིབ་བསྡུར་བྱས་རྗེས། འབྲེལ་ཡོད་ས་ཁུལ་གྱི་འབྲེལ་ཡོད་དཔྱད་ཞིབ་དམིགས་ཚད་ཀྱི་སྐར་གྲངས་ལ་ཕྱོགས་བསྡུས་གཏན་འཁེལ་བྱེད་དགོས།

དོན་ཚན་བཅུ་དྲུག་པ། འབྲེལ་ཡོད་སྡེ་ཁག་དང་ས་ཆ་སོ་སོས་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ཁྱབ་ཁོངས་ཀྱི་སྡོམ་རྩིས་དང་ལྟ་ཞིབ་ཚད་ལེན་མི་སྣ། སྒྲིག་ཆས། ཚན་རིག་ཞིབ་འཇུག ཆ་འཕྲིན་སྟེགས་བུ་སོགས་ཀྱི་རྨང་གཞིའི་ནུས་པ་འཛུགས་སྐྲུན་བྱེད་པར་དངོས་གནས་ཤུགས་སྣོན་པ་དང་། ནོར་སྲིད་ཀྱི་རྒྱབ་སྐྱོར་བྱེད་ཚད་ཇེ་ཆེར་གཏོང་བ། དམིགས་ཚད་ཀྱི་རྟོག་ཞིབ་བྱེད་ཚད་ཇེ་མཐོར་གཏོང་བ། གཞི་གྲངས་ཀྱི་ཚན་རིག་རང་བཞིན་དང་ཡང་དག་རང་བཞིན། གཅིག་གྱུར་རང་བཞིན་བཅས་ཇེ་མཐོར་གཏོང་དགོས།

ལེའུ་ལྔ་པ། ལྟ་སྐུལ།

དོན་ཚན་བཅུ་བདུན་པ། དཔྱད་འཇོག་དཔྱད་ཞིབ་ཀྱི་བྱ་བར་ཞུགས་པའི་འབྲེལ་ཡོད་སྡེ་ཁག་དང་ལས་ཁུངས་ཀྱིས་བྱ་བའི་སྒྲིགས་ཁྲིམས་ལག་བསྟར་ནན་མོ་བྱེད་པ་དང་། རྩ་དོན་རྒྱུན་འཁྱོངས་དང་དངོས་ཐོག་བདེན་འཚོལ་གྱིས། དཔྱད་འཇོག་དཔྱད་ཞིབ་བྱ་བ་ལུགས་མཐུན་གཞུང་དྲང་ཡོང་བ་དང་གཏན་འཁེལ་དང་གོ་རིམ་ལྡན་པའི་ངང་སྤེལ་བར་ཁག་ཐེག་བྱེད་དགོས། ཞིང་ཆེན་དང་རང་སྐྱོང་ལྗོངས། ཐད་གཏོགས་གྲོང་ཁྱེར་སོ་སོས་འབྲེལ་ཡོད་སྡོམ་རྩིས་དང་ལྟ་ཞིབ་ཚད་ལེན་གཞི་གྲངས་བསྒྱུར་བཅོས་དང་རྫུན་བཟོ་བྱེད་པའམ་ཡང་ན་མི་གཞན་ལ་བསྒྱུར་བཅོས་དང་རྫུན་བཟོ་བྱེད་དུ་བཅུག་མི་ཆོག གོང་གི་གནས་ཚུལ་དེ་དག་ཡོད་ཅིང་ཞིབ་བཤེར་གསལ་པོ་བྱས་པའི་ས་ཁུལ་ལ་དཔྱད་ཞིབ་མཇུག་འབྲས་ཚད་ལྡན་མིན་པའི་ཁོངས་སུ་གཏན་འཁེལ་བྱེད་དགོས། ཉེར་ཕྱོགས་གཡོ་ཟོལ་དང་རྫུན་ཞུ་གསང་ཞུ། གཞི་གྲངས་བཅོས་བསྒྱུར། རྒྱུ་ཆ་རྫུན་བཟོ་བཅས་བྱས་ཏེ་དཔྱད་འཇོག་དཔྱད་ཞིབ་མཇུག་འབྲས་དོན་དངོས་མིན་པར་བཟོས་ན། སྒྲིགས་བཤེར་ལྟ་ཞིབ་ལས་ཁུངས་དང་རྩ་འཛུགས〔མི་དོན〕སྡེ་ཁག་གིས་འབྲེལ་ཡོད་གཏན་འཁེལ་ལྟར་འབྲེལ་ཡོད་སྡེ་ཁག་དང་མི་སྣའི་འགན་འཁྲི་རྩད་གཅོད་ནན་མོ་བྱེད་དགོས་པ་དང་། ཉེས་པ་བསགས་ཡོད་ན། ཁྲིམས་འཛིན་ལས་ཁུངས་ལ་སྤྲད་དེ་ཐག་གཅོད་བྱེད་དུ་འཇུག་དགོས།

དོན་ཚན་བཅོ་བརྒྱད་པ། འབྲེལ་ཡོད་ས་ཁུལ་དུ་དཔྱད་ཞིབ་མཇུག་འབྲས་དང་འགན་འཁྲི་རྩད་གཅོད་བྱེད་པའི་ཐག་གཅོད་ལ་བསམ་འཆར་ཡོད་ན། དཔྱད་ཞིབ་མཇུག་འབྲས་དང་འགན་འཁྲི་རྩད་གཅོད་ཐག་གཅོད་བྱེད་པའི་ལས་ཁུངས་དང་སྡེ་ཁག་ལ་ཡིག་ཐོག་ནས་རྒྱུ་མཚན་ཞུ་འབུལ་བྱེད་ཆོག་པ་དང་། འབྲེལ་ཡོད་ལས་ཁུངས་དང་སྡེ་ཁག་གིས་འབྲེལ་ཡོད་གཏན་འཁེལ་ལྟར་བདག་སྤྲོད་བྱེད་དགོས་པར་མ་ཟད་ཐག་གཅོད་བྱེད་དགོས།

ལེའུ་དྲུག་པ། ཞར་བྱུང་།    

དོན་ཚན་བཅུ་དགུ་པ། ཞིང་ཆེན་དང་རང་སྐྱོང་ལྗོངས། ཐད་གཏོགས་གྲོང་ཁྱེར་བཅས་ཀྱི་ཏང་ཨུ་དང་སྲིད་གཞུང་གིས་བྱེད་ཐབས་འདི་གཞིར་འཛིན་པ་དང་། ས་གནས་ཀྱི་དོན་དངོས་དང་ཟུང་དུ་སྦྲེལ་ཏེ། རིམ་པ་རྗེས་མའི་ཏང་སྲིད་དང་སྲིད་གཞུང་ལ་ཁ་གཏད་པའི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་དམིགས་འབེན་ལ་གདེང་འཇོག་དང་དཔྱད་འཇོག་བྱེད་པའི་བྱེད་ཐབས་ལམ་གཏན་འཁེལ་བྱེད་ཆོག

དོན་ཚན་ཉི་ཤུ་པ། བྱེད་ཐབས་འདི་ལ་རྒྱལ་ཁབ་འཕེལ་རྒྱས་དང་བཅོས་བསྒྱུར་ཨུ་ཡོན་ལྷན་ཁང་དང་ཁོར་ཡུག་སྲུང་སྐྱོབ་པུའུ། ཀྲུང་དབྱང་རྩ་འཛུགས་པུའུ། རྒྱལ་ཁབ་སྡོམ་རྩིས་ཅུས་བཅས་ཀྱིས་འབྲེལ་ཡོད་སྡེ་ཁག་དང་མཐུན་སྦྱོར་བྱས་ཏེ་འགྲེལ་བཤད་བརྒྱག་པའི་འགན་འཁུར་དགོས།

དོན་ཚན་ཉེར་གཅིག་པ། བྱེད་ཐབས་འདི་ནི2016ལོའི་ཟླ12པའི་ཚེས2ཉིན་ནས་བཟུང་ལག་བསྟར་བྱེད་མགོ་བརྩམས། ། ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན།

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།