​འཕྲིན་ཐུང་བརྒྱུད་དེ་འགྲིམ་འགྲུལ་སྒྲིག་སྲོལ་དང་འགལ་ཡོད་ཅེས་བཤད་པ་ནི་མགོ་སྐོར་གཏོང་བའི་འཕྲིན་ཐུང་རེད།

ཟླ10པའི་ཚེས16ཉིན། ཟི་ལིང་གི་གཞིས་དམངས་ཚེ་དཔག་སྐྱབས་ལ་ཨང་གྲངས་ཆ་མེད་ཅིག་གིས་བསྐུར་བའི་འཕྲིན་ཐུང་འབྱོར་བ་དང་། འཕྲིན་ཐུང་ནང་དུ་ཁོས་བསྐོར་བའི་རླངས་འཁོར་དེ་མཁར་ཁུལ་གྱི་ལམ་ག་གེ་མོའི་ནང་དུ་འགྲིམ་འགྲུལ་སྒྲིགས་སྲོལ་དང་འགལ་བས། སྐར་མ་གཅོག་རྒྱུ་དང་དངུལ་ཆད་སྤྲོད་དགོས་ཞེས་བཤད་ཡོད་པར་མ་ཟད། དཀྱིས་དཔང་རྟགས་རིས་ཤིག་བསྐུར་ཏེ་འདྲི་རྩད་བྱེད་པར་སྟབས་བདེ་བཟོ་བའི་འབྲེལ་མཐུད་དྲ་ཚིགས་ཤིག་ཀྱང་བསྐུར་ཡོད། ཚེ་དཔག་སྐྱབས་ཀྱིས་གསར་འགོད་པར་བཤད་རྒྱུར། སྐབས་དེར་ཁོས་འཕྲིན་ཐུང་སྟེང་གི་རུས་མིང་དང་རླངས་འཁོར་ཨང་གྲངས་སོགས་ལ་ཞིབ་ཏུ་བལྟས་པ་ན་ཚང་མ་འགྲིག་འདུག་པས། ཅུང་ཙམ་མིན་ན་གཡོ་འོག་ཏུ་ཚུད་སོང་། ཡིན་ནའང་མཇུག་གི་འབྲེལ་མཐུད་དྲ་ཚིགས་མཐོང་རྗེས། ཡང་བསྐྱར་དོགས་པ་སྐྱེས་ཏེ་འགྲིམ་འགྲུལ་ཉེན་རྟོག་སྡེ་ཁག་ལ་སོང་ནས་དྲིས་པ་ན། རང་ཉིད་ཀྱི་རླངས་འཁོར་ལ་སྒྲིགས་སྲོལ་དང་འགལ་བའི་ཟིན་ཐོ་ཞིག་ཡེ་ནས་མེད་པ་ཚོར། ཚེ་དཔག་སྐྱབས་ཀྱིས་བཤད་རྒྱུར། “གལ་ཏེ་སྐབས་དེར་ངས་དྲ་ཚིགས་དེ་འབྲེལ་མཐུད་བྱས་ཡོད་ན། གཡོ་འོག་ཏུ་ཚུད་ཡོད་ངེས། ད་ལྟ་འདང་བརྒྱབ་ན་སྐྲག་ནི་ཞིག་རེད།”

ཉེ་ཆར། གྲོགས་པོ་མང་པོ་ཞིག་གིས་གསར་འགོད་པར་འགྲིམ་འགྲུལ་སྒྲིགས་སྲོལ་དང་འགལ་ཡོད་ཅེས་བཤད་པའི་འཕྲིན་ཐུང་འབྱོར་བའི་གནས་ཚུལ་བཤད་པ་དང་།རང་ཉིད་ལ་དོགས་ཟོན་འདུ་ཤེས་མཐོན་པོ་མེད་ན། མགོ་སྐོར་གཏོང་མཁན་གྱི་གཡོ་འོག་ཏུ་ཚུད་ངེས་རེད་ཟེར། ཚང་མས་བཤད་པ་ལྟར་ན། མགོ་སྐོར་གཏོང་མཁན་དེ་དག་གིས་འཕྲིན་ཐུང་གི་རྣམ་པ་བརྒྱུད་དེ་འགྲིམ་འགྲུལ་སྒྲིགས་སྲོལ་དང་འགལ་བའི་ཆ་འཕྲིན་དེ་རིགས་བསྐུར་བ་དང་། འཕྲིན་ཐུང་དེ་དག་གི་མཇུག་ཏུ་ཚང་མར་འབྲེལ་མཐུད་དྲ་ཚིགས་ཡོད།

གསར་འགོད་པས་དྲ་ཐོག་ཏུ་འཚོལ་ཞིབ་བྱས་པ་ལྟར་ན། འགྲིམ་འགྲུལ་སྒྲིགས་འགལ་གྱི་མགོ་སྐོར་གཏོང་བའི་ཆ་འཕྲིན་གྱི་གནས་ཚུལ་རང་ས་གནས་ཀྱི་སྨྱན་བྱད་ལས་ཁུངས་མང་པོ་ཞིག་གིས་བསྒྲགས་པའམ་བཀོད་མྱོང་བ་དང་། འཚོལ་ཞིབ་བྱས་པའི་ཆ་འཕྲིན་ལ་བལྟས་ན།“མི་ཁ་ཤས་ཤིག་གིས་ཆ་འཕྲིན་སྟེང་གི་འབྲེལ་མཐུད་དྲ་ཚིགས་སྦྲེལ་རྗེས། མུའུ་མ་དྲ་དུག་གི་གོ་རིམ་རང་རྟོགས་སྒོས་མར་འབེབས་འཁོར་སྐྱོད་བྱས་པ་དང་། དེ་ནས་ལག་ཁྱེར་ཁ་པར་སྟེང་སྦྲེལ་ཡོད་པའི་དངུལ་བྱང་དང་དངུལ་སྤྲོད་གསང་གྲངས་རྐུ་བ་དང་། དྲ་དུག་དེས་ད་རུང་དངུལ་ཁང་གིས་བསྐུར་བའི་ར་སྤྲོད་ཨང་གྲངས་ཀྱང་ལེན་ཐུབ་ལ། དེ་ནས་དངུལ་བྱང་སྟེང་གི་སྒོར་མོ་བརྐུ་བ་དང་སྒོར་མོ་སྤོ་བསྒྱུར་བྱེད་པའི་ཉེས་པ་གསོག་གིན་ཡོད། དེ་དང་མཉམ་དུ་ལག་ཁྱེར་ཁ་པར་ལའང་དྲ་དུག་ཕོག་སྟེ་བཀོལ་སྤྱོད་བྱེད་མི་ཐུབ།”

དེ་ན་འགྲིམ་འགྲུལ་སྒྲིགས་འགལ་གྱི་འཕྲིན་ཐུང་འབྱོར་རྗེས། གཞིས་དམངས་ཀྱིས་ཇི་ལྟར་བྱས་ན་ད་གཟོད་གཡོ་འོག་ཏུ་མི་ཚུད་པ་ཡིན་ཞེ་ན།

ཟི་ལིང་གྲོང་ཁྱེར་འགྲིམ་འགྲུལ་ཉེན་རྟོག་ཡན་ལག་རུ་ཁག་གི་ཉེན་རྟོག་པས་རྒྱ་ཆེའི་ཁ་ལོ་བ་རྣམས་ལ་དྲན་སྐུལ་བྱེད་ཀྱིན་ཡོད་པ་སྟེ། “གལ་ཏེ་འགྲིམ་འགྲུལ་སྒྲིགས་སྲོལ་དང་འགལ་བའི་འཕྲིན་ཐུང་འབྱོར་ན། ངེས་པར་དུ་དོགས་ཟོན་བྱེད་དགོས་པ་དང་།གཤམ་གྱི་བྱེད་ཐབས་གསུམ་སྤྱད་དེ“འགྲིམ་འགྲུལ་སྒྲིགས་སྲོལ”འཕྲིན་ཐུང་གི་བདེན་རྫུན་དབྱེ་འབྱེད་བྱ་ཆོག

གཅིག འགྲིམ་འགྲུལ་སྡེ་ཁག་གིས་མི་སྒེར་གྱི་ཁ་པར་ཨང་གྲངས་སྤྱད་དེ་འགྲིམ་འགྲུལ་སྒྲིགས་འགལ་གྱི་ཆ་འཕྲིན་འཕྲིན་ཐུང་གཏན་ནས་བསྐུར་མི་སྲིད་ལ། གྲོང་ཁྱེར་ཁ་ཤས་ཀྱིས་དངོས་གནས“འགྲིམ་འགྲུལ་སྒྲིགས་འགལ”ཐད་ཀྱི་འཕྲིན་ཐུང་བསྐུར་ཏེ་དྲན་སྐུལ་བྱེད་ཀྱིན་ཡོད་མོད། འོན་ཀྱང་འགྲིམ་འགྲུལ་ཆ་འཕྲིན་སྟེགས་བུ་སྤྱད་དེ་གཅིག་གྱུར་གྱིས་བསྐུར་བར་མ་ཟད། ཆ་འཕྲིན་ནང་སྤྱིར་བཏང་གིས་འགྲིམ་འགྲུལ་སྒྲིགས་འགལ་ཐག་གཅོད་བྱེད་པའི་ས་གནས་བསྐུར་བ་ལས། འབྲེལ་མཐུད་ས་ཚིགས་སོགས་གཏན་ནས་བསྐུར་མི་སྲིད།

གཉིས། འགྲིམ་འགྲུལ་སྒྲིགས་འགལ་གྱི་འཕྲིན་ཐུང་ནང་དོན་ནི་སྤྱིར་བཏང་གིས་དྲན་སྐུལ་བྱེད་པ་ཙམ་ལས། སྒྲིགས་འགལ་ཐག་གཅོད་ཀྱི་འབྲེལ་ཡོད་འགྲོ་རིམ་ངེས་པར་སྤྱི་བདེ་འགྲིམ་འགྲུལ་ཉེན་རྟོག་སྡེ་ཁག་གི་སྒྲིགས་འགལ་ཐག་གཅོད་ས་གནས་སུ་སོང་ནས་བསྒྲུབ་དགོས། གལ་ཏེ་ཐད་ཀར་སྒོར་མོ་བསྐུར་དགོས་པའི་འགྲིམ་འགྲུལ་སྒྲིགས་འགལ་འཕྲིན་ཐུང་འབྱོར་ན། མགོ་སྐོར་གཏོང་བའི་འཕྲིན་ཐུང་ཡིན་ཁོ་ཐག་རེད།

གསུམ། འགྲིམ་འགྲུལ་སྒྲིགས་འགལ་འཕྲིན་ཐུང་གི་བདེན་རྫུན་དབྱེ་འབྱེད་བྱེད་དཀའ་ན། ཉེ་སའི་འགྲིམ་འགྲུལ་སྡེ་ཁག་ལ་སོང་ནས་བློ་འདྲི་དང་བདེན་མིན་རྩད་གཅོད་བྱེད་དགོས་པ་ལས། འབྲེལ་མཐུད་དྲ་ཚིགས་སྦྲེལ་མི་རུང་བར་མ་ཟད་སྒོར་མོ་དེ་བས་ཀྱང་བསྐུར་མི་རུང་།

དེ་ལས་གཞན་ད་རུང་།ཟི་ལིང་གྲོང་ཁྱེར་འགྲིམ་འགྲུལ་ཉེན་རྟོག་ཡན་ལག་རུ་ཁག་གིས་གསལ་འདེབས་བྱས་པ་སྟེ། མིག་སྔའི་བར་དུ། འཕྲིན་ཐུང་གི་རྣམ་པས་མི་སྒེར་དང་སྡེ་ཁག་གང་ཞིག་ལའང་འགྲིམ་འགྲུལ་སྒྲིགས་འགལ་གྱི་འཕྲིན་ཐུང་བསྐུར་མ་མྱོང་བས། གལ་ཏེ་ཁྱོད་ཀྱི་ཁ་པར་སྟེང་དུ་ཟི་ལིང་འགྲིམ་འགྲུལ་ཉེན་རྟོག་གི་མིང་ཐོག་ནས་འཕྲིན་ཐུང་དེའི་རིགས་འབྱོར་ན། མགོ་སྐོར་གཏོང་བའི་འཕྲིན་ཐུང་ཡིན་ཁོ་ཐག་རེད།

ཁ་ལོ་བ་ཁ་ཤས་ཤིག་གིས་ད་རུང་མགོ་སྐོར་གཏོང་མཁན་གྱིས་རང་ཉིད་ཀྱི་ཆ་འཕྲིན་ཇི་ལྟར་ཤེས་པ་ཡིན་ནམ་སྙམ་ནས་དོགས་པ་སྐྱེ་བཞིན་ཡོད། ཁ་ལོ་བ་མང་པོ་ཞིག་གི་རླངས་འཁོར་སྟེང་དུ་རླངས་འཁོར་སྣུར་བའི་ཁ་པར་ཨང་གྲངས་བཞག་ཡོད་པས། མགོ་སྐོར་གཏོང་མཁན་གྱིས་འབྲེལ་ཡོད་ཆ་འཕྲིན་ཤེས་རྒྱུ་ནི་སླ་མོ་ཞིག་རེད། དེའི་རྐྱེན་གྱིས། གལ་ཏེ་འཕྲིན་ཐུང་དེའི་རིགས་འབྱོར་ན། རྨོངས་མུན་གྱིས་ཆ་འཕྲིན་ཁྲོད་ཀྱི་དྲ་ཚིགས་མི་སྦྲེལ་བར། སེམས་ཞིབ་མོས་འདང་ཞིག་བརྒྱབ་ན་མགོ་སྐོར་ཡིན་མིན་གྱི་མཐིལ་བརྟོལ་སླ་མོ་རེད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།