བོད་ལྗོངས་ཀྱི་དམངས་ཡོངས་འགན་བཅོལ་ནང་ཞུགས་པའི་འཆར་གཞིའི་ཤེས་བྱའི་སྐོར་གྱི་དྲི་བ་དྲིས་ལན།

1.ཅི་འདྲ་ཞིག་ལ་དམངས་ཡོངས་འགན་བཅོལ་ནང་ཞུགས་པའི་འཆར་གཞི་ཟེར་རམ།    

ལན། དམངས་ཡོངས་འགན་བཅོལ་ནང་ཞུགས་པའི་འཆར་གཞི་ནི་སྤྱི་ཚོགས་འགན་བཅོལ་བཅའ་ཁྲིམས་སོགས་བཅའ་ཁྲིམས་ཁྲིམས་སྲོལ་གྱི་གཏན་འབེབས་གཞིར་བཟུང་། སྤྱི་ཚོགས་འགན་བཅོལ་ཁྱོན་ཡོངས་ལ་ཁྱབ་པ་དང་དོ་དམ་གནད་འཁེལ་ཡོང་རྒྱུ་དམིགས་ཡུལ་དུ་བྱས་ནས་ཆ་འཕྲིན་དཔྱད་བསྡུར་དང་། གྲངས་གཞི་བསྡུ་ལེན། ཁྱིམ་དུ་བརྟག་དཔྱད། གྲངས་གཞི་གཅིག་སྡུད་དོ་དམ། བབ་བསྟུན་གསར་བརྗེས་སོགས་ཀྱི་བྱ་ཐབས་བརྒྱུད་དེ་མི་སྣ་སྣ་ཚོགས་སྤྱི་ཚོགས་འགན་བཅོལ་ནང་ཞུགས་ཚུལ་ལ་ཐོ་འགོད་བྱེད་པ་དང་། ཁ་གསབ་འཐུས་ཚང་དུ་གཏོང་བ། ཚད་ལྡན་དོ་དམ་བྱེད་པ་བཅས་བྱས་ནས་དམངས་ཡོངས་འགན་བཅོལ་ནང་ཁྱོན་ཡོངས་ནས་ཞུགས་པ་དང་རྒྱུན་མཐུད་ངང་ཞུགས་པའི་རྨང་གཞིའི་རང་བཞིན་དང་འཐབ་ཇུས་རང་བཞིན་གྱི་བྱ་སྤྱོད་བཀོད་སྒྲིག་ལ་སྐུལ་འདེད་གཏོང་རྒྱུ་དེར་ཟེར།

2.དམངས་ཡོངས་འགན་བཅོལ་ནང་ཞུགས་པའི་འཆར་གཞི་ལག་ལེན་བསྟར་བའི་དོན་སྙིང་གལ་ཆེན་གང་ཡིན་ནམ།

ལན། གཅིག་ནས་སྤྱི་ཚོགས་འགན་བཅོལ་ཡོངས་སུ་ཁྱབ་པའི་དམིགས་ཚད་གང་མགྱོགས་མངོན་འགྱུར་ཐུབ་ནས་དམངས་ཡོངས་མཉམ་སྤྱོད་དང་དྲང་གཞག་གི་སྤྱི་ཚོགས་འགན་ལེན་མ་ལག་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་རྒྱུར་སྐུལ་འདེད་གཏོང་བའི་ཐད་ཕན་པ་ཡོད་པ་དང་། གཉིས་ནས་གྲོང་རྡལ་ཅན་གྱི་འཕེལ་རིམ་དང་སྤྱི་ཚོགས་ཀྱི་ངེས་མེད་རང་བཞིན་གྱི་ཁྱད་ཆོས་དང་འཚམས་པར་བྱས་པ་དང་རིགས་ཁག་གི་འགན་བཅོལ་ནང་ཞུགས་མཁན་མི་སྣའི་ས་ཁུལ་ལས་བརྒལ་བ་དང་ལམ་ལུགས་ལས་བརྒལ་ཏེ་སྤྱི་ཚོགས་འགན་བཅོལ་འབྲེལ་བ་སྦྲེལ་མཐུད་བྱེད་པའི་ཁྲིམས་མཐུན་ཁེ་དབང་ལ་སྔར་བས་སྲུང་སྐྱོང་ཡག་པོ་ཐུབ་རྒྱུར་ཕན་པ་ཡོད་པ། གསུམ་ནས་གཞི་རྩའི་སྤྱི་པའི་ཞབས་ཞུར་ཤུགས་སྣོན་རྒྱག་པ་དང་སྤྱི་ཚོགས་དོ་དམ་གསར་གཏོད་བྱས་ཏེ་སྤྱི་པའི་ཐོན་ཁུངས་སྤྱོད་པའི་ཕན་འབྲས་ཆེ་རུ་བཏང་ནས་སྤྱི་ཚོགས་ཀྱི་འགན་བཅོལ་བྱ་གཞག་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བའི་ཐད་ཕན་པ་ཡོད་པ་བཅས་རེད།

3.དམངས་ཡོངས་འགན་བཅོལ་ནང་ཞུགས་པའི་འཆར་གཞིས་མི་སྒེར་ལ་ཕན་ཐོགས་གང་ཡོད་དམ།

ལན། གཅིག་ནས་རྒྱ་ཆེའི་གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་བཟོ་དང་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིས་རང་ངོས་ཀྱི་འགན་བཅོལ་ནང་ཞུགས་པའི་གནས་ཚུལ་ཤེས་ནས་རང་ངོས་ཀྱི་ཁེ་ཕན་ལ་སྲུང་སྐྱོང་བྱེད་པ་དང་། གཉིས་ནས་སྲིད་གཞུང་གིས་རྒྱ་ཆེའི་གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་བཟོ་དང་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མི་འགན་བཅོལ་ནང་ཞུགས་ཚུལ་ཤེས་རྟོགས་ཐུབ་ནས་འབྲེལ་ཡོད་སྲིད་ཇུས་དང་ཁྲིམས་སྲོལ་བཟོ་བ་དང་འཐུས་སྒོ་ཚང་དུ་བཏང་སྟེ་དམངས་ཡོངས་འགན་བཅོལ་ནང་ཞུགས་པའི་དམིགས་ཚད་མངོན་འགྱུར་ཐུབ་རྒྱུར་ཕན་པ་ཡོད། གསུམ་ནས་སྤྱི་ཚོགས་འགན་སྲུང་སྡེ་ཚན་གྱིས་འགན་བཅོལ་ནང་ཞུགས་མཁན་མི་སྣར་ཚེ་གང་གི་ཐོ་འགོད་དང་། ཞབས་ཞུ། འགན་ལེན་བཅས་བྱས་ཏེ་རྒྱ་ཆེའི་གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་བཟོ་དང་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིར་རྒས་དུས་འཚོ་རྟེན་ཡོད་པ་དང་ན་དུས་སྨན་བཅོས་ཐུབ་རྒྱུ་འགན་ལེན་བྱ་རྒྱུར་ཕན་པ་ཡོད།

4.དམངས་ཡོངས་འགན་བཅོལ་ནང་ཞུགས་པའི་འཆར་གཞིའི་ཐོ་འགོད་བྱ་ཡུལ་ནང་སུ་ཡོད་དམ།

ལན། དམངས་ཡོངས་འགན་བཅོལ་ནང་ཞུགས་པའི་འཆར་གཞིའི་ཐོ་འགོད་བྱ་ཡུལ་ནང་ཐེམ་ཁུངས་བོད་ལྗོངས་ནས་ཡིན་པའི་མི་སྣ་དང་། ས་ཆ་དེ་གར་ལས་ཀ་བྱེད་ཀྱི་ཡོད་རུང་དེ་གའི་ཐེམ་ཁུངས་མིན་པའི་མི་སྣ་ཡིན། ཞིབ་ཕྲའི་ཐོག་ནས་ཁག་གསུམ་ལ་དབྱེ་བ་སྟེ། གཅིག་ནི་བོད་ལྗོངས་ཀྱི་འགན་བཅོལ་ནང་ཞུགས་པའི་ཐེམ་ཁུངས་རང་ལྗོངས་ནས་ཡིན་པའི་་མི་སྣ་དང་། ཡུལ་གཞན་གྱི་འགན་བཅོལ་ནང་ཞུགས་པའི་ཐེམ་ཁུངས་རང་ལྗོངས་ནས་ཡིན་པའི་མི་སྣ། རང་ལྗོངས་སུ་ལས་ཀ་བྱེད་པའི་ཐེམ་ཁུངས་གཞན་གྱི་མི་སྣ་བཅས་ཡིན།

5.དམངས་ཡོངས་འགན་བཅོལ་ནང་ཞུགས་པའི་ཐོ་འགོད་ལས་དོན་ག་དུས་སྤེལ་ལམ།

ལན། ད་ནས2017ལོའི་ཟླ6ཚེས30ཉིན་བར། ལྗོངས་ཡོངས་སུ་དུད་ཚང་དུ་བསྐྱོད་ནས་བརྟག་དཔྱད་དང་ཆ་འཕྲིན་བསྡུ་རུབ་ལས་དོན་སྤེལ་ནས་ས་ཁུལ་དང་གྲོང་ཁྱེར་ཁག་གིས་རང་ངོས་ཀྱི་གནས་ཚུལ་གཞིར་བཟུང་། དུས་ཚོད་དེའི་རིང་དུད་ཚང་དུ་བསྐྱོད་ནས་བརྟག་དཔྱད་ལས་དོན་བཀོད་སྒྲིག་བྱ་རྒྱུ་རེད།

6.དམངས་ཡོངས་འགན་བཅོལ་ནང་ཞུགས་པའི་ཐོ་འགོད་ཀྱི་ནང་དོན་ཅི་ཡིན་ནམ།

ལན། ཐོ་འགོད་ནང་དོན་གཙོ་བོར་བརྟག་ཞིབ་བྱ་ཡུལ་གྱི་རུས་མིང་དང་། སྤྱི་དམངས་ཐོབ་ཐང་ལག་ཁྱེར་གྱི་ཨང་གྲངས། ལས་ཞུགས་གནས་ཚུལ། ཐེམ་ཐོ་གནས་ས། རྒྱུན་སྡོད་ས་མིང་། འབྲེལ་གཏུག་ཁ་པར། སྤྱི་ཚོགས་འགན་བཅོལ་ནང་ཞུགས་ཚུལ། སྤྱི་ཚོགས་འགན་བཅོལ་ནང་མ་ཞུགས་པའི་རྒྱུ་རྐྱེན། ས་གནས་གཞན་དུ་སྤྱི་ཚོགས་འགན་བཅོལ་ནང་ཞུགས་པའི་གནས་ཚུལ་སོགས་རྨང་གཞིའི་ཆ་འཕྲིན་ཚུད་ཡོད་པ་རེད།

7.ཇི་ལྟར་བྱས་ནས་དམངས་ཡོངས་འགན་བཅོལ་ནང་ཞུགས་པའི་ཐོ་འགོད་བྱེད་དགོས་སམ།

ལན། བརྟག་ཞིབ་བྱ་ཡུལ་གྱི་གནས་ཚུལ་གཞིར་བཟུང་སྤྱི་ཚོགས་འགན་བཅོལ་རྣམ་གྲངས་གང་གི་ནང་དུའང་ཞུགས་མེད་པའམ་ཡང་ན་འགན་བཅོལ་ནང་ཞུགས་རུང་ཆ་འཕྲིན་ཆ་ཚང་མེད་རིགས་ལ། དུད་ཚང་དུ་བསྐྱོད་དེ་ཆ་འཕྲིན་འཚོལ་སྡུད་བྱེད་དགོས།

8.དུད་ཚང་དུ་བསྐྱོད་དེ་ཐོ་འགོད་བྱེད་པར་དངུལ་བསྡུ་གི་ཡོད་དམ།

ལན། བརྟག་ཞིབ་བྱ་ཡུལ་གྱི་ལག་ནས་དངུལ་གང་ཡང་བསྡུ་གི་མེད། བརྟག་ཞིབ་བ་དུད་ཚང་དུ་བསྐྱོད་དེ་བརྟག་ཞིབ་བྱེད་སྐབས། གལ་སྲིད་རྒྱུ་དངོས་སློང་བ་སོགས་བྱུང་ཚེ་བརྟག་ཞིབ་བྱ་ཡུལ་གྱིས་ཁས་ལེན་རྒྱུ་མེད་པ་དང་དཔལ་འབྱོར་གྱོང་གུན་སྔོན་འགོག་བྱེད་དགོས།

9.ཇི་ལྟར་བྱས་ནས་བརྟག་ཞིབ་མི་སྣ་ཡིན་མིན་གཏན་འཁེལ་བྱེད་དགོས་སམ།

ལན། བརྟག་ཞིབ་པ་དུད་ཚང་དུ་བསྐྱོད་དེ་བརྟག་ཞིབ་དང་ཐོ་འགོད་བྱེད་སྐབས། ངེས་པར་དུ《དམངས་ཡོངས་འགན་བཅོལ་ནང་ཞུགས་པའི་ཐོ་འགོད་བརྟག་ཞིབ་ལག་ཁྱེར》འདོགས་དགོས་པ་མ་ཟད། ད་དུང་ཐོབ་ཐང་ལག་ཁྱེར་རམ་ལས་ཀའི་ལག་ཁྱེར་ཡང་འཁྱེར་དགོས།

10.བརྟག་དཔྱད་བྱ་ཡུལ་གྱིས་གཞོགས་འདེགས་གང་དག་བྱེད་དགོས་སམ།

ལན། འགན་བཅོལ་ནང་ཞུགས་སྐབས་དགོས་པའི་བདེན་པ་བདེན་ཐུབ་དང་། གནད་ལ་འཁེལ་བ། ཆ་ཚང་བ་བཅས་ཀྱི་དཔྱད་གཞིའི་ཡི་གེ་མཁོ་འདོན་བྱས་ཏེ《དམངས་ཡོངས་འགན་ཞུགས་ཐོ་འགོད་རེའུ་མིག》རྒྱོང་དགོས་པ་དང་འབྲེལ། དེའི་ཐོག་མིང་རྟགས་བཀོད་དགོས། ཐོ་བཀོད་རྗེས་བརྟག་དཔྱད་མི་སྣ་མཉམ་དུ་པར་བརྒྱབ་ནས་ལྟ་སྐུལ་གྲ་སྒྲིག་བྱེད་དགོས།

11.བློ་འདྲིའི་ཁ་པར།

རང་སྐྱོང་ལྗོངས་སྤྱི་ཚོགས་འགན་སྲུང་ཅུས། 0891-6868230

ལྷ་ས་གྲོང་ཁྱེར་སྤྱི་ཚོགས་འགན་སྲུང་ཅུས། 0891-6337269

གཞིས་རྩེ་གྲོང་ཁྱེར་སྤྱི་ཚོགས་འགན་སྲུང་ཅུས། 0892-8836453

ལྷོ་ཁ་གྲོང་ཁྱེར་སྤྱི་ཚོགས་འགན་སྲུང་ཅུས། 0893-7820399

ཉིང་ཁྲི་གྲོང་ཁྱེར་སྤྱི་ཚོགས་འགན་སྲུང་ཅུས། 0894—5822026

ཆབ་མདོ་གྲོང་ཁྱེར་སྤྱི་ཚོགས་འགན་སྲུང་ཅུས། 0895-4829788

ནག་ཆུ་ས་ཁུལ་སྤྱི་ཚོགས་འགན་སྲུང་ཅུས། 0896-3831708

མངའ་རིས་ས་ཁུལ་སྤྱི་ཚོགས་འགན་སྲུང་ཅུས། 0897-2822426

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།