ཚོང་པས་རང་གི་ཚོང་ལམ་བཀག་འདུག་སྙམ་ནས་ལམ་ཟུར་གྱི་ལྕགས་སྐྱོར་བཤིག་པ།

res01_attpic_brief.jpg

འདི་ནི་རྙེད་པའི་ལྕགས་སྐྱོར་ཡིན་པ།

གྲོང་མི་ཕྱིར་འགྲོ་སྐྱོད་སྟབས་བདེ་ཡོང་ཆེད། ལྷ་ས་གྲོང་ཁུལ་གྱི་གཞུང་ལམ་དང་ལམ་མདོ་གཙོ་བོ་གང་སར་ལྕགས་སྐྱོར་བསྐོངས་ཡོད། ཉེ་ཆར། ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་འགྲིམ་འགྲུལ་ཉེན་རྟོག་ཉིང་ལག་རུ་ཁག་སྒྲིག་ལམ་དོ་དམ་རུ་ཆེན་གྱིས་ཅང་སུའུ་ཤར་ལམ་ལ་སྐོར་གཡེང་བྱེད་སྐབས། ལམ་ཟུར་གྱི་ལྕགས་སྐྱོར་ཁ་ཤས་ཉུང་དུ་ཕྱིན་པ་ཤེས་སྐབས། ཉེ་འཁོར་ལ་ཡོད་མེད་བཙལ་བ་དང་བརྟག་དཔྱད་བྱས་པ་བརྒྱུད་སྒོ་ར་ཞིག་གི་ནང་ནས་ལྕགས་སྐྱོར་དེ་དག་རྙེད་པ་རེད།

དེའང་ཉེན་རྟོག་པས་མི་སྐད་བཏང་ནས་སྒོ་རའི་རྒྱལ་སྒོ་ཕྱེ་རུ་བཅུག་པ་དང་། ཁུག་ཀྱོག་ཅིག་ལ་ཤིང་ལེབ་དང་ལྕགས་ཤོག་སོགས་དངོས་པོ་ཙག་ཙིག་མང་པོ་སྤུངས་པའི་ཁྲོད་ནས་ལྕགས་སྐྱོར་གསར་པ་དེ་རྙེད། “འཇོག་ས་ཁུག་ཀྱོག་ཡིན་སྟབས། གལ་སྲིད་ཡག་པོ་མ་བལྟས་ཚེ་ལམ་ཟུར་གྱི་ལྕགས་སྐྱོར་དེ་ཡིན་པ་ཤེས་དཀའ”ཞེས་ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་འགྲིམ་འགྲུལ་ཉེན་རྟོག་ཉིང་ལག་རུ་ཁག་སྒྲིག་ལམ་དོ་དམ་རུ་ཆེན་གྱི་རུ་དཔོན་ཤུས་སི་ཧའེ་ཡིས་དེ་ལྟར་བཤད།

མ་གཞི་སྒོ་རའི་ནང་སྡོད་མཁན་མི་མང་པོ་ཡོད་ཀྱང་ལམ་ཟུར་གྱི་ལྕགས་སྐྱོར་བཤིག་ནས་དེར་བསྐྱལ་བའི་གནས་ཚུལ་སུས་ཀྱང་ཉེན་རྟོག་པར་གསལ་བཤད་རྒྱག་མཁན་མ་བྱུང་།

དེ་ནས་ཉེན་རྟོག་པས་ཡང་བསྐྱར་ཅང་སུའུ་ཤར་ལམ་གྱི་ལྕགས་སྐྱོར་བརླགས་སར་སོང་སྟེ། ཉེ་འཁོར་གྱི་ཚོང་པར་འདྲི་སྐབས། རུས་མིང་ལ་ཁྲེང་ཟེར་བས“ལྕགས་སྐྱོར་གྱིས་ང་ཚོའི་ཚོང་ཟོག་དབོར་འདྲེན་ལ་སྐྱོན་བྱེད་ཀྱི་འདུག་པས་ངས་བཤིགས་པ་ཡིན”ཞེས་བཤད།

ཤེས་རྟོགས་བྱུང་བར་གཞིགས་ན། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་གཞུང་ལམ་འགྲིམ་འགྲུལ་བདེ་འཇགས་བཅའ་ཁྲིམས》ཀྱི་གཏན་འབེབས་ལྟར་ན། འགྲིམ་འགྲུལ་སྒྲིག་ཆས་ལ་ཆེད་མངགས་གཏོར་སྐྱོན་བཏང་ཡང་ཉེས་པ་བསགས་པའི་ཚད་ལ་སླེབས་མེད་རིགས་ལ་དངུལ་ཆད་སྒོར200ནས2000བར་གཅོད་རྒྱུ་དང་ཉིན15བཀག་ཉར་བྱ་རྒྱུ་ཡིན་པ་གསལ་བས། “གྲོང་ཁུལ་གྱི་གཞུང་ལམ་དང་ལམ་མདོ་གཙོ་བོར་ལྕགས་སྐྱོར་བཙུགས་དོན་ནི། འགྲུལ་བཞུད་པས་གཞུང་ལམ་ཐད་ཀར་འཕྲེད་བཅད་མི་གཏོང་བར་འགྲིམ་འགྲུལ་སྒྲིག་ལམ་ཡག་པོ་སྲུང་བའི་ཆེད་དུ་ཡིན”ཞེས་ཤུས་སི་ཧའེ་ཡིས་བཤད་ཅིང་། ཁོང་གིས་འབྲེལ་ཡོད་གཏན་འབེབས་ལ་གཞིགས་ནས་ཁྲེང་ཆེ་གེ་མོའི་བྱ་སྤྱོད་འགྲིམ་འགྲུལ་བཅའ་ཁྲིམས་དང་ཁྲིམས་སྲོལ་ལས་འགལ་ཡོད་ཅེས་བཤད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།