ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་གསང་མྱུལ་ལ་རྒོལ་བའི་བཅའ་ཁྲིམས་ཀྱི་ལག་བསྟར་ཞིབ་སྲོལ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : མཁའ་མཚོ་སྐྱིད་ཀྱིས་བསྒྱུར།   སྤེལ་དུས། : 2023-02-14
ཡིག་གཟུགས། :ཆུང་། འབྲིང་། ཆེ།

  ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་གསང་མྱུལ་ལ་རྒོལ་བའི་བཅའ་ཁྲིམས་ཀྱི་ལག་བསྟར་ཞིབ་སྲོལ།

ལེའུ་དང་པོ། སྤྱིའི་རྩ་དོན་གྱི་སྐོར།

དོན་ཚན་དང་པོ།  《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་གསང་མྱུལ་ལ་རྒོལ་བའི་བཅའ་ཁྲིམས》(གཤམ་དུ《གསང་མྱུལ་ལ་རྒོལ་བའི་བཅའ་ཁྲིམས》ཞེས་བསྡུ་རྒྱུ)ལྟར། ལག་བསྟར་ཞིབ་སྲོལ་འདི་བཟོས་པ་ཡིན།

དོན་ཚན་གཉིས་པ།  རྒྱལ་ཁབ་བདེ་འཇགས་ལས་ཁུངས་ཀྱིས་ཞིབ་སྲོལ་འདིའི་ལག་བསྟར་ལ་འགན་འཁུར་བ་ཡིན།

སྤྱི་བདེ་དང་གསང་སྲུང་སྲིད་འཛིན་དོ་དམ་སོགས་འབྲེལ་ཡོད་སྡེ་ཁག་གཞན་དག་དང་དམག་དཔུང་གི་འབྲེལ་ཡོད་སྡེ་ཁག་གིས་འགན་འཁྲི་ལྟར་ལས་བགོས་དང་གཞོགས་འདེགས་དམ་ཟབ་བྱས་ཏེ། མཐུན་སྦྱོར་ལ་ཤུགས་སྣོན་དང་། ཁྲིམས་ལྟར་འབྲེལ་ཡོད་ལས་དོན་ལེགས་པོར་བསྒྲུབ་དགོས།

དོན་ཚན་གསུམ་པ། 《གསང་མྱུལ་ལ་རྒོལ་བའི་བཅའ་ཁྲིམས》ཁྲོད་བསྟན་པའི“ཕྱི་རྒྱལ་གྱི་ལས་ཁུངས་དང་རྩ་འཛུགས”ལ་ཕྱི་རྒྱལ་གྱི་ལས་ཁུངས་དང་རྩ་འཛུགས་ཀྱིས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ནང་ཁུལ་དུ་བཙུགས་པའི་ཡན་ལག་ལས་ཁུངས་དང་ཡན་ལག་རྩ་འཛུགས་འདུས། “ཕྱི་རྒྱལ་གྱི་མི་སྒེར”ལ་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ནང་ཁུལ་དུ་འདུག་པའི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་ཁོངས་མེད་པའི་མི་འདུས་པ་ཡིན།

དོན་ཚན་བཞི་པ། 《གསང་མྱུལ་ལ་རྒོལ་བའི་བཅའ་ཁྲིམས》ཁྲོད་བསྟན་པའི་གསང་མྱུལ་རྩ་འཛུགས་ཀྱི་ལས་ཚབ་པ་ནི་གསང་མྱུལ་རྩ་འཛུགས་དང་ཡང་ན་དེའི་ཁོངས་མིས་ངན་སྐུལ་དང་མངག་བཅོལ། རོགས་དངུལ་སྤྲད་པ་བརྒྱུད། མི་གཞན་ལ་ངན་སྐུལ་བྱས་ཏེ་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་ཁབ་བདེ་འཇགས་ལ་གནོད་འཚེ་གཏོང་བའི་བྱ་འགུལ་སྤེལ་བའི་མི་ལ་གོ་བ་ཡིན།

གསང་མྱུལ་རྩ་འཛུགས་དང་གསང་མྱུལ་རྩ་འཛུགས་ཀྱི་ལས་ཚབ་པ་དེ་རྒྱལ་སྲིད་སྤྱི་ཁྱབ་ཁང་རྒྱལ་ཁབ་གཙོ་སྐྱོང་སྡེ་ཁག་གིས་ངོས་འཛིན་བྱས་པ་ཡིན།

དོན་ཚན་ལྔ་པ། 《གསང་མྱུལ་ལ་རྒོལ་བའི་བཅའ་ཁྲིམས》ཁྲོད་བསྟན་པའི“དགྲར་འཛིན་རྩ་འཛུགས”ནི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་མི་དམངས་དམངས་གཙོ་སྲིད་དབང་སྒེར་འཛིན་ཀྱི་སྲིད་དབང་དང་སྤྱི་ཚོགས་རིང་ལུགས་ལམ་ལུགས་ལ་དགྲར་བཟུང་སྟེ། རྒྱལ་ཁབ་བདེ་འཇགས་ལ་གནོད་འཚེ་གཏོང་བའི་རྩ་འཛུགས་ལ་གོ་བ་ཡིན།

དགྲར་འཛིན་རྩ་འཛུགས་ནི་རྒྱལ་སྲིད་སྤྱི་ཁྱབ་ཁང་རྒྱལ་ཁབ་བདེ་འཇགས་དོ་དམ་སྡེ་ཁག་ཡང་ན་རྒྱལ་སྲིད་སྤྱི་ཁྱབ་ཁང་སྤྱི་བདེ་ལས་ཁུངས་ཀྱིས་ངོས་འཛིན་བྱས་པ་ཡིན།

དོན་ཚན་དྲུག་པ། 《གསང་མྱུལ་ལ་རྒོལ་བའི་བཅའ་ཁྲིམས》ཁྲོད་བསྟན་པའི“རོགས་དངུལ་སྤྲད་དེ”ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་ཁབ་བདེ་འཇགས་ལ་གནོད་འཚེ་གཏོང་བའི་གསང་མྱུལ་བྱ་སྤྱོད་ལག་བསྟར་བྱས་པ་ནི་མངའ་ཁོངས་ཕྱི་ནང་གི་ལས་ཁུངས་དང་རྩ་འཛུགས། མི་སྒེར་བཅས་ཀྱིས་གཤམ་གྱི་བྱ་སྤྱོད་སྤེལ་བར་གོ་བ་ཡིན།

(གཅིག)གསང་མྱུལ་བྱ་སྤྱོད་ལག་བསྟར་བྱས་པའི་རྩ་འཛུགས་དང་མི་སྒེར་ལ་གྲོན་དངུལ་དང་ས་གནས། དངོས་ཟོག་བཅས་འདོན་སྤྲོད་བྱས་པ།

(གཉིས)རྩ་འཛུགས་དང་མི་སྒེར་ལ་གསང་མྱུལ་བྱ་སྤྱོད་ལག་བསྟར་བྱེད་པའི་གྲོན་དངུལ་དང་ས་གནས། དངོས་ཟོག་བཅས་འདོན་སྤྲོད་བྱས་པ།

དོན་ཚན་བདུན་པ།《གསང་མྱུལ་ལ་རྒོལ་བའི་བཅའ་ཁྲིམས》ཁྲོད་བསྟན་པའི“ངན་འབྲེལ”སྒོས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་བདེ་འཇགས་ལ་གནོད་སྐྱོན་གཏོང་བའི་བྱ་སྤྱོད་ལག་བསྟར་བྱས་པ་ནི་མངའ་ཁོངས་ཕྱི་ནང་གི་རྩ་འཛུགས་དང་མི་སྒེར་གྱི་གཤམ་གྱི་བྱ་སྤྱོད་ལ་གོ་བ་ཡིན།

(གཅིག)ཕྱི་རྒྱལ་གྱི་ལས་ཁུངས་དང་རྩ་འཛུགས། མི་སྒེར་དང་མཉམ་དུ་ཇུས་འགོད་དང་ཡང་ན་རྒྱལ་ཁབ་བདེ་འཇགས་ལ་གནོད་འཚེ་གཏོང་བའི་གསང་མྱུལ་བྱ་འགུལ་སྤེལ་བ།

(གཉིས)ཕྱི་རྒྱལ་གྱི་ལས་ཁུངས་དང་རྩ་འཛུགས། མི་སྒེར་གྱི་རོགས་དངུལ་སྤྲད་པའམ་ཡང་ན་ངན་སྐུལ་དང་ལེན་བྱས་ཏེ། རྒྱལ་ཁབ་བདེ་འཇགས་ལ་གནོད་འཚེ་གཏོང་བའི་གསང་མྱུལ་བྱ་འགུལ་སྤེལ་བ།

(གསུམ)ཕྱི་རྒྱལ་གྱི་ལས་ཁུངས་དང་རྩ་འཛུགས། མི་སྒེར་དང་འབྲེལ་བ་བཙུགས་ནས། རྒྱབ་སྐྱོར་དང་རོགས་རམ་ཐོབ་ནས་རྒྱལ་ཁབ་བདེ་འཇགས་ལ་གནོད་འཚེ་གཏོང་བའི་གསང་མྱུལ་བྱ་འགུལ་སྤེལ་བ།

དོན་ཚན་བརྒྱད་པ། གཤམ་གྱི་བྱ་སྤྱོད་ནི《གསང་མྱུལ་ལ་རྒོལ་བའི་བཅའ་ཁྲིམས》ཀྱི་དོན་ཚན་སོ་དགུ་པའི་ཁྲོད་བསྟན་པའི“གསང་མྱུལ་བྱ་འགུལ་ལས་གཞན་གྱི་རྒྱལ་ཁབ་བདེ་འཇགས་ལ་གནོད་འཚེ་གཏོང་བའི་བྱ་སྤྱོད”ལ་གཏོགས་པ་ཡིན།

(གཅིག)རྒྱལ་ཁབ་ཁ་བྲལ་དང་རྒྱལ་ཁབ་གཅིག་གྱུར་གཏོར་བརླག་ཏུ་གཏོང་བར་རྩ་འཛུགས་དང་ཇུས་འགོད། ལག་བསྟར་བཅས་བྱས་ཏེ། རྒྱལ་ཁབ་ཀྱི་སྲིད་དབང་དང་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་རྩ་སློག་ཏུ་གཏོང་བ།

(གཉིས)རྒྱལ་ཁབ་བདེ་འཇགས་ལ་གནོད་འཚེ་གཏོང་བའི་འཇིགས་སྐུལ་བྱ་འགུལ་རྩ་འཛུགས་དང་ཇུས་འགོད། ལག་བསྟར་བྱེད་པ།

(གསུམ)དོན་དངོས་རྫུན་བཟོ་དང་འཁྱོག་བཤད་བྱེད་པ་དང་། རྒྱལ་ཁབ་བདེ་འཇགས་ལ་གནོད་འཚེ་གཏོང་བའི་ཡི་གེ་དང་ཆ་འཕྲིན་ཁྱབ་བསྒྲགས་དང་འགྲེམ་སྤེལ་བྱེད་པ། ཡང་ན་རྒྱལ་ཁབ་བདེ་འཇགས་ལ་གནོད་འཚེ་གཏོང་བའི་སྒྲ་རྡུལ་ཐོན་རྫས་ཡང་ན་པར་དུ་བསྐྲུན་རིགས་གཞན་དག་བཟོ་སྐྲུན་དང་ཁྱབ་སྤེལ། དཔེ་སྐྲུན་བྱེད་པ།

(བཞི)སྤྱི་ཚོགས་རྩ་འཛུགས་དང་ཁེ་ལས་ལས་དོན་རྩ་འཛུགས་བཙུགས་པར་བརྟེན་ནས། རྒྱལ་ཁབ་བདེ་འཇགས་ལ་གནོད་འཚེ་གཏོང་བའི་བྱ་འགུལ་སྤེལ་བ།

(ལྔ)ཆོས་ལུགས་ལ་བརྟེན་ནས་རྒྱལ་ཁབ་བདེ་འཇགས་ལ་གནོད་འཚེ་གཏོང་བའི་བྱ་འགུལ་སྤེལ་བ།

(དྲུག)ལོག་ཆོས་རྩ་འཛུགས་བྱེད་པའམ་བེད་སྤྱད་དེ་རྒྱལ་ཁབ་བདེ་འཇགས་ལ་གནོད་འཚེ་གཏོང་བའི་བྱ་འགུལ་སྤེལ་བ།

(བདུན)མི་རིགས་རྩོད་གླེང་བཟོ་བ་དང་མི་རིགས་ཁ་བྲལ་ལ་ངན་སྐུལ་བྱས་ཏེ་རྒྱལ་ཁབ་བདེ་འཇགས་ལ་གནོད་འཚེ་གཏོང་བ།

(བརྒྱད)ཕྱི་རྒྱལ་གྱི་མི་སྒེར་གྱིས་འབྲེལ་ཡོད་ཆོད་དོན་དང་འགལ་ཏེ། བཀག་སྡོམ་བསླབ་བྱར་མི་ཉན་པ་དང་། རང་འདོད་ཀྱིས་མངའ་ཁོངས་ནང་ཁུལ་གྱི་རྒྱལ་ཁབ་བདེ་འཇགས་ལ་གནོད་འཚེ་གཏོང་བའི་བྱ་སྤྱོད་ཡོད་པའམ་རྒྱལ་ཁབ་བདེ་འཇགས་ལ་གནོད་འཚེ་གཏོང་བའི་དོགས་གཞི་ཆེན་པོ་ཡོད་པའི་མི་སྣར་ཐུག་པ།


ལེའུ་གཉིས་པ། རྒྱལ་ཁབ་བདེ་འཇགས་ལས་ཁུངས་ཀྱིས་གསང་མྱུལ་ལ་རྒོལ་བའི་ལས་དོན་ཁྲོད་ཀྱི་འགན་དབང་གི་སྐོར།

       དོན་ཚན་དགུ་པ། ཕྱི་རྒྱལ་གྱི་མི་སྒེར་མངའ་ཁོངས་སུ་ཡོང་རྗེས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བདེ་འཇགས་ལ་གནོད་འཚེ་གཏོང་བའི་བྱ་འགུལ་སྤེལ་བར་ངོས་འཛིན་བྱས་རྗེས། རྒྱལ་སྲིད་སྤྱི་ཁྱབ་ཁང་རྒྱལ་ཁབ་བདེ་འཇགས་དོ་དམ་སྡེ་ཁག་གིས་མི་དེ་དུས་ཡུན་ངེས་ཅན་ནང་མངའ་ཁོངས་སུ་ཡོང་མི་ཆོག་པར་གཏན་ཁེལ་བྱས་ཆོག

དོན་ཚན་བཅུ་པ། མེས་རྒྱལ་ལ་རྒྱབ་གཏོད་བྱེད་པ་དང་རྒྱལ་ཁབ་བདེ་འཇགས་ལ་གནོད་འཚེ་གཏོང་བའི་དོགས་ཡོད་ཉེས་ཅན་ལ《གསང་མྱུལ་ལ་རྒོལ་བའི་བཅའ་ཁྲིམས》གྱི་དོན་ཚན་བརྒྱད་པའི་གཏན་འབེབས་ལྟར་རྒྱལ་ཁབ་བདེ་འཇགས་ལས་ཁུངས་ཀྱིས་འཇུ་བཟུང་བཀའ་རྒྱ་འགྲེམ་ཏེ་འཛིན་བཟུང་བྱས་ཆོག

དོན་ཚན་བཅུ་གཅིག་པ། རྒྱལ་ཁབ་བདེ་འཇགས་ལས་ཁུངས་ཀྱིས་ཁྲིམས་ལྟར་གསང་མྱུལ་ལ་རྒོལ་བའི་ལས་དོན་ཀྱི་ལས་འགན་ལག་བསྟར་བྱེད་སྐབས། འབྲེལ་ཡོད་རྩ་འཛུགས་དང་མི་སྣར་འབྲེལ་ཡོད་གནས་ཚུལ་ཞིབ་བཤེར་དང་འདྲི་རྩད་བྱེད་པའི་དབང་ཆ་ཡོད།

དོན་ཚན་བཅུ་གཉིས་པ། རྒྱལ་ཁབ་བདེ་འཇགས་ལས་ཁུངས་ཀྱི་ལས་བྱེད་མི་སྣས་ཁྲིམས་ལྟར་གསང་མྱུལ་ལ་རྒོལ་བའི་བྱ་བའི་ལས་འགན་ལག་བསྟར་བྱེད་སྐབས། ཐོབ་ཐང་གསལ་བོར་མིན་པ་དང་རྒྱལ་ཁབ་བདེ་འཇགས་ལ་གནོད་འཚེ་གཏོང་བའི་བྱ་སྤྱོད་ཡོད་པའི་དོགས་ཡོད་མི་སྣར་དེའི་ཞོར་ཁྱེར་དངོས་རྫས་ཞིབ་བཤེར་བྱེད་ཆོག

དོན་ཚན་བཅུ་གསུམ་པ། རྒྱལ་ཁབ་བདེ་འཇགས་ལས་ཁུངས་ཀྱིས་གསང་མྱུལ་ལ་རྒོལ་བའི་ལས་དོན་གྱི་ཛ་དྲག་ཆེ་བའི་ལས་འགན་ལག་བསྟར་བྱེད་པའི་རླངས་འཁོར་ལ་དམིགས་བསལ་གྱི་ཤར་བགྲོད་མཚོན་རྟགས་དང་ཉེན་བརྡའི་གློག་ཞུ། ཉེན་བརྡའི་ཡོ་ཆས་བཀོད་སྒྲིག་བྱས་ཆོག

དོན་ཚན་བཅུ་བཞི་པ། རྒྱལ་ཁབ་བདེ་འཇགས་ལས་ཁུངས་ཀྱི་ལས་བྱེད་མི་སྣས་ཁྲིམས་ལྟར་གསང་མྱུལ་ལ་རྒོལ་བའི་ལས་འགན་ལག་བསྟར་བྱེད་པའི་བྱ་སྤྱོད་ལ་རྩ་འཛུགས་དང་མི་སྒེར་གཞན་དག་གིས་ཁྲིམས་འགལ་ངང་ཐེ་གཏོགས་བྱེད་མི་རུང་།

རྒྱལ་ཁབ་བདེ་འཇགས་ལས་ཁུངས་ཀྱི་ལས་བྱེད་མི་སྣས་ཁྲིམས་ལྟར་གསང་མྱུལ་ལ་རྒོལ་བའི་ལས་འགན་ལག་བསྟར་བྱེད་སྐབས། རྒྱལ་ཁབ་བདེ་འཇགས་པུའུ་ཡི་མྱུལ་ཞིབ་དཔང་ཡིག་ཡང་ན་འོས་བབ་ཀྱི་དཔང་ཡིག་སྟོན་དགོས།

རྒྱལ་ཁབ་བདེ་འཇགས་ལས་ཁུངས་དང་དེའི་ལས་བྱེད་མི་སྣས་ལས་གཉེར་བྱེད་སྐབས། ངེས་པར་དུ་ཁྲིམས་ལྟར་ལས་དོན་སྒྲུབ་དགོས་ཤིང་། འགན་དབང་ལས་བརྒལ་མི་རུང་བ་དང་གང་བྱུང་དུའང་སྤྱོད་མི་རུང་ལ། རྩ་འཛུགས་དང་མི་སྒེར་གྱི་ཁྲིམས་མཐུན་ཁེ་དབང་ལའང་གནོད་འཚེ་གཏོང་མི་རུང་།

ལེའུ་གསུམ་པ། སྤྱི་དམངས་དང་རྩ་འཛུགས་ཀྱིས་རྒྱལ་ཁབ་བདེ་འཇགས་ལ་སྲུང་སྐྱོང་བྱེད་པའི་འོས་འགན་དང་དབང་ཆའི་སྐོར།

       དོན་ཚན་བཅོ་ལྔ་པ། ལས་ཁུངས་དང་ཚོགས་པ། རྩ་འཛུགས་གཞན་དག་གིས་ལས་ཁུངས་དེའི་མི་སྣར་རྒྱལ་ཁབ་བདེ་འཇགས་ལ་སྲུང་སྐྱོང་བྱེད་པའི་སློབ་གསོ་སྤེལ་དགོས་ཤིང་། ལས་ཁུངས་དེའི་མི་སྣར་སྐུལ་སློང་དང་རྩ་འཛུགས་བྱས་ཏེ་གསང་མྱུལ་བྱ་སྤྱོད་ཀྱི་ལས་དོན་སྤེལ་བར་དོགས་ཟོན་དང་བཀག་འགོག་བྱེད་དགོས་ལ། རྒྱལ་ཁབ་བདེ་འཇགས་ལས་ཁུངས་ཀྱི་མཐུན་སྦྱོར་དང་མཛུབ་སྟོན་ལ་དང་ལེན་བྱེད་དགོས།

ལས་ཁུངས་དང་ཚོགས་པ། རྩ་འཛུགས་གཞན་དག་གིས《གསང་མྱུལ་ལ་རྒོལ་བའི་བཅའ་ཁྲིམས》དང་ཞིབ་སྲོལ་འདིའི་གཏན་འབེབས་བྱས་པའི་བདེ་འཇགས་དོགས་ཟོན་འོས་འགན་ལག་བསྟར་མི་བྱེད་པ་དང་། བླང་བྱ་ལྟར་དག་ཐེར་མི་བྱེད་པ་ཡང་ན་དག་ཐེར་བླང་བྱ་དང་མི་མཐུན་ཚེ། རྒྱལ་ཁབ་བདེ་འཇགས་ལས་ཁུངས་ཀྱིས་འབྲེལ་ཡོད་འགན་འཁུར་བར་སྐོང་འདོམས་བྱས་ཆོག་པ་དང་། སྐོང་འདོམས་གནས་ཚུལ་དེ་ལས་ཁུངས་དེའི་གོ་རིམ་གཙོ་གཉེར་སྡེ་ཁག་ལ་བརྡ་ཁྱབ་བཏང་ནས། གསང་མྱུལ་བྱ་སྤྱོད་ལ་དོགས་ཟོན་དང་རྒྱལ་ཁབ་བདེ་འཇགས་ལ་གནོད་འཚེ་གཏོང་བའི་བྱ་སྤྱོད་ཀྱི་འགན་འཁྲི་དོན་འཁྱོལ་བྱེད་པར་སྐུལ་འདེད་གཏོང་དགོས།

དོན་ཚན་བཅུ་དྲུག་པ། གཤམ་གྱི་གནས་ཚུལ་ནི《གསང་མྱུལ་ལ་རྒོལ་བའི་བཅའ་ཁྲིམས》ཀྱི་དོན་ཚན་བདུན་པའི་ཁྲོད་བཏོན་པའི“བྱས་རྗེས་ཆེན་པོ་བདུན”ཡིན།

(གཅིག)རྒྱལ་ཁབ་བདེ་འཇགས་ལས་ཁུངས་ལ་ཁུངས་སྣེ་གལ་ཆེན་འདོན་སྤྲོད་བྱེད་པ་དང་། རྒྱལ་ཁབ་བདེ་འཇགས་ལ་གནོད་འཚེ་ཚབས་ཆེན་གཏོང་བའི་ནག་ཉེས་གྱོད་དོན་ཤེས་རྟོགས་དང་རྩད་ཆོད་པ།

(གཉིས)རྒྱལ་ཁབ་བདེ་འཇགས་ལས་ཁུངས་ལ་གནས་ཚུལ་གལ་ཆེན་འདོན་སྤྲོད་བྱས་ཏེ། རྒྱལ་ཁབ་བདེ་འཇགས་ལ་གནོད་འཚེ་གཏོང་བའི་བྱ་སྤྱོད་འབྱུང་བར་དོགས་ཟོན་དང་བཀག་འགོག་བྱེད་པ།

(གསུམ)རྒྱལ་ཁབ་བདེ་འཇགས་ལས་ཁུངས་ཀྱིས་རྒྱལ་ཁབ་བདེ་འཇགས་བྱ་བའི་ལས་འགན་ལག་བསྟར་བྱེད་པར་གཞོགས་འདེགས་དམ་ཟབ་བྱས་ཏེ་བྱས་རྗེས་འཇོག་མཁན།

(བཞི)རྒྱལ་ཁབ་བདེ་འཇགས་ལ་སྲུང་སྐྱོང་བྱེད་པ་དང་། རྒྱལ་ཁབ་བདེ་འཇགས་ལ་གནོད་འཚེ་གཏོང་བའི་ཉེས་ཅན་དང་འཐབ་རྩོད་བྱས་ཏེ་བྱས་རྗེས་འཇོག་མཁན།

(བཞི)ལས་ཁུངས་དེའི་མི་སྣར་སློབ་གསོ་དང་སྐུལ་སློང་རྩ་འཛུགས་བཅས་བྱས་ཏེ་རྒྱལ་ཁབ་བདེ་འཇགས་ལ་གནོད་འཚེ་གཏོང་བའི་བྱ་སྤྱོད་ལ་དོགས་ཟོན་དང་བཀག་འགོག་བྱེད་པའི་ལས་དོན་ཁྲོད་བྱས་རྗེས་འཇོག་མཁན།

དོན་ཚན་བཅུ་བདུན་པ། 《གསང་མྱུལ་ལ་རྒོལ་བའི་བཅའ་ཁྲིམས》ཀྱི་དོན་ཚན་ཉེར་བཞི་པའི་ཁྲོད་བསྟན་པའི“ཁྲིམས་འགལ་ངང་རྒྱལ་ཁབ་ཀྱི་གསང་བར་གཏོགས་པའི་ཡིག་ཆ་དང་རྒྱུ་ཆུ། དངོས་པོ་གཞན་དག”བཅས་པ་ནི།

(གཅིག)རྒྱལ་ཁབ་ཀྱི་གསང་བ་ཁག་གཅིག་ཤེས་དགོས་དོན་མེད་པའི་མི་སྣས་རྒྱལ་ཁབ་ཀྱི་གསང་བ་དེར་གཏོགས་པའི་ཡིག་ཆ་དང་རྒྱུ་ཆ། དངོས་པོ་གཞན་དག་འཁྱེར་བའམ་བཅོལ་བ།

(གཉིས)རྒྱལ་ཁབ་ཀྱི་གསང་བ་ཁག་གཅིག་ཤེས་ཆོག་པའི་མི་སྣས་ལས་སྒྲུབ་འགྲོ་ལུགས་མ་སྒྲུབ་པར་རང་སྒེར་གྱིས་རྒྱལ་ཁབ་ཀྱི་གསང་བ་དེར་གཏོགས་པའི་ཡིག་ཆ་དང་རྒྱུ་ཆ། དངོས་པོ་གཞན་དག་འཁྱེར་བ་དང་བཅོལ་བ།

དོན་ཚན་བཅོ་བརྒྱད་པ། 《གསང་མྱུལ་ལ་རྒོལ་བའི་བཅའ་ཁྲིམས》ཀྱི་དོོན་ཚན་ཉེར་ལྔ་པའི་ཁྲོད་བསྟན་པའི“གསང་མྱུལ་ཆེད་སྤྱོད་ཡོ་བྱད”ནི་གསང་མྱུལ་བྱ་འགུལ་སྤེལ་བར་དམིགས་བསལ་དགོས་མཁོ་ཡོད་པའི་གཤམ་གྱི་ཡོ་བྱད་ལ་གོ་བ་ཡིན།

(གཅིག)སྦས་སྐུང་རྣམ་པའི་ལྐོག་ཉན་དང་པར་ལེན་ཡོ་བྱད།

(གཉིས)ཐོལ་བྱུང་རྣམ་པའི་གསང་འཕྲིན་བསྡུ་ལེན་ཡོ་ཆས་དང་ཐེངས་གཅིག་རང་བཞིན་གྱི་གསང་གྲངས་འབྲི་དེབ། གསང་ཨང་འབྲི་བྱད།

(གསུམ)གསང་འཕྲིན་ཐོབ་པར་སྤྱོད་པའི་གློག་རྡུལ་ཉན་དཔྱད་དང་འགོག་ལེན་ཡོ་བྱད།

(བཞི)གསང་མྱུལ་ཆེད་སྤྱོད་ཡོ་བྱད་གཞན་དག

གསང་མྱུལ་ཆེད་སྤྱོད་ཡོ་བྱད་ངོས་འཛིན་བྱེད་པར་རྒྱལ་སྲིད་སྤྱི་ཁྱབ་ཁང་རྒྱལ་ཁབ་བདེ་འཇགས་གཙོ་གཉེར་ལས་ཁུངས་ཀྱིས་འགན་འཁུར་བ་ཡིན།


ལེའུ་བཞི་པ། བཅའ་ཁྲིམས་ལས་འགན་གྱི་སྐོར།

       དོན་ཚན་དགུ་པ། རྒྱལ་ཁབ་བདེ་འཇགས་ལ་གནོད་འཚེ་གཏོང་བའི་བྱ་སྤྱོད་ལག་བསྟར་བྱེད་པར་འབྲེལ་ཡོད་སྡེ་ཁག་གིས་ཁྲིམས་ལྟར་ཆད་པ་གཅོད་རྒྱུ་དང་། རྒྱལ་ཁབ་བདེ་འཇགས་ལས་ཁུངས་ཀྱིས་ཀྱང་ཐ་ཚིག་སྒྲོག་ཆོག ནག་ཉེས་གྲུབ་པར་ཁྲིམས་ལྟར་ཉེས་འགན་བདའ་འདེད་བྱ་རྒྱུ།

དོན་ཚན་ཉི་ཤུ་པ། གཤམ་གྱི་གནས་ཚུལ་ནི《གསང་མྱུལ་ལ་རྒོལ་བའི་བཅའ་ཁྲིམས》ཀྱི་དོན་ཚན་ཉེར་བདུན་པའི་ཁྲོད་བསྟན་པའི“བྱས་རྗེས་འཇོག་པ”ཡིན།

(གཅིག)རྒྱལ་ཁབ་བདེ་འཇགས་ལ་གནོད་འཚེ་གཏོང་བའི་ཉེས་ཅན་གཞན་དག་ཐེར་འདོན་དང་ཉེས་འདོན་བྱས་ཏེ་གནས་ཚུལ་དོན་དངོས་དང་མཐུན་པ།

(གཉིས)ཁུངས་སྣེ་དང་དཔང་རྟགས་གལ་ཆེན་འདོན་སྤྲོད་བྱས་ཏེ། རྒྱལ་ཁབ་བདེ་འཇགས་ལ་གནོད་འཚེ་གཏོང་བའི་བྱ་སྤྱོད་ཤེས་རྟོགས་དང་བཀག་འགོག་བྱས་པ།

(གསུམ)རྒྱལ་ཁབ་བདེ་འཇགས་ལས་ཁུངས་དང་ཁྲིམས་འཛིན་ལས་ཁུངས་ལ་གཞོགས་འདེགས་བྱས་ཏེ་རྒྱལ་ཁབ་བདེ་འཇགས་ལ་གནོད་འཚེ་གཏོང་བའི་ཉེས་ཅན་གཞན་དག་འཛིན་བཟུང་བྱས་པ།

(བཞི)རྒྱལ་ཁབ་བདེ་འཇགས་ལས་ཁུངས་ལ་གཞོགས་འདེགས་བྱས་ཏེ་རྒྱལ་ཁབ་བདེ་འཇགས་སྲུང་སྐྱོང་ལ་ཕན་ནུས་ཡོད་པའི་བྱ་སྤྱོད་གཞན་དག

བྱས་རྗེས་གལ་ཆེན་འཇོག་པ་ནི་གོང་གི་དོན་ཚན་ཁྲོད་བཏོན་པའི་བྱས་རྗེས་བཞག་པའི་ཁྱབ་ཁོངས་ཁྲོད་རྒྱལ་ཁབ་བདེ་འཇགས་བྱ་བར་དམིགས་བསལ་ཕན་ནུས་ཡོད་པར་གོ་བ་ཡིན།

དོན་ཚན་ཉེར་གཅིག་པ། མི་གཞན་ལ་གསང་མྱུལ་བྱ་སྤྱོད་ཡོད་པར་དཔང་རྟགས་ཀྱིས་བདེན་དཔང་བྱེད་ཐུབ་པའམ་ཡང་ན་རྒྱལ་ཁབ་བདེ་འཇགས་ལས་ཁུངས་ཀྱིས་མི་གཞན་ལ་རྒྱལ་ཁབ་བདེ་འཇགས་ལ་གནོད་འཚེ་གཏོང་བའི་ནག་ཉེས་བྱ་སྤྱོད་ཡོད་པར་གསལ་བོར་བསྟན་པར་རྒྱལ་ཁབ་བདེ་འཇགས་ལས་ཁུངས་ཀྱིས་དེ་ལ་འབྲེལ་ཡོད་གནས་ཚུལ་བརྟག་དཔྱད་བྱེད་པ་དང་། དཔང་རྟགས་འཚོལ་བསྡུ་བྱེད་པར་འདོན་སྤྲོད་མི་བྱེད་མཁན་ལ《གསང་མྱུལ་ལ་རྒོལ་བའི་བཅའ་ཁྲིམས》ཀྱི་དོན་ཚན་ཉེར་དགུ་པའི་གཏན་འབེབས་ལྟར་ཐག་གཅོད་བྱ་རྒྱུ།

དོན་ཚན་ཉེར་གཉིས་པ། རྒྱལ་ཁབ་བདེ་འཇགས་ལས་ཁུངས་ཀྱིས་ཁྲིམས་ལྟར་གསང་མྱུལ་ལ་རྒོལ་བའི་བྱ་བའི་ལས་འགན་ལག་བསྟར་བྱེད་སྐབས། སྤྱི་དམངས་དང་རྩ་འཛུགས་ཀྱིས་ཁྲིམས་ལྟར་ཆ་རྐྱེན་སྟབས་བདེ་འདོན་སྤྲོད་དང་རོགས་རམ་གཞན་དག་བྱེད་པའི་འགན་འཁྲི་ཡོད། འདོན་སྤྲོད་མི་བྱེད་པ་དང་རོགས་སྐྱོར་མི་བྱེད་པར་རྒྱལ་ཁབ་བདེ་འཇགས་ལས་ཁུངས་ཀྱིས་ཁྲིམས་ལྟར་གསལ་མྱུལ་ལ་རྒོལ་བའི་བྱ་བའི་ལས་འགན་ལག་བསྟར་ལ་བར་ཆད་བཟོ་མཁན་ལ《གསང་མྱུལ་ལ་རྒོལ་བའི་བཅའ་ཁྲིམས》ཀྱི་དོན་ཚན་སུམ་ཅུ་པའི་གཏན་འབེབས་ལྟར་ཐག་གཅོད་བྱ་རྒྱུ།

དོན་ཚན་ཉེར་གསུམ་པ། རྒྱལ་ཁབ་བདེ་འཇགས་ལས་ཁུངས་ཀྱིས་ཁྲིམས་ལྟར་གསང་མྱུལ་ལ་རྒོལ་བའི་བྱ་བའི་ལས་འགན་ལག་བསྟར་ལ་བསམ་བཞིན་དུ་བར་ཆད་བཟོས་ཏེ། རྒྱལ་ཁབ་བདེ་འཇགས་ལས་ཁུངས་ཀྱི་ལས་བྱེད་མི་སྣའི་མི་ལུས་གནོད་འཚེ་དང་ཡང་ན་རྒྱུ་ནོར་ལ་གྱོང་གུན་ཐོབ་པར་ཁྲིམས་ལྟར་སྐྱིན་ཚབ་སྤྲོད་པའི་འགན་འཁྲི་འཁུར་དགོས་པ་མ་ཟད། ཁྲིམས་འཛིན་ལས་ཁུངས་དང་རྒྱལ་ཁབ་བདེ་འཇགས་ལས་ཁུངས་ཀྱིས《གསང་མྱུལ་ལ་རྒོལ་བའི་བཅའ་ཁྲིམས》ཀྱི་དོན་ཚན་སུམ་ཅུ་པའི་གཏན་འབེབས་ལྟར་ཐག་གཅོད་བྱ་རྒྱུ།

དོན་ཚན་ཉེར་བཞི་པ། གསང་མྱུལ་བྱ་སྤྱོད་ཀྱི་དོགས་གཞི་ཡོད་པའི་མི་སྣར་རྒྱལ་ཁབ་བདེ་འཇགས་ལས་ཁུངས་ཀྱིས་དུས་ཡུན་ངེས་ཅན་ནང་ཕྱི་རྒྱལ་དུ་འགྲོ་མི་ཆོག་པར་གཏན་ཁེལ་བྱས་ཆོག 《གསང་མྱུལ་ལ་རྒོལ་བའི་བཅའ་ཁྲིམས》དང་འགལ་བའི་ཕྱི་རྒྱལ་གྱི་མི་སྒེར་ལ་རྒྱལ་སྲིད་སྤྱི་ཁྱབ་ཁང་རྒྱལ་ཁབ་བདེ་འཇགས་གི་གཙོ་གཉེར་ལས་ཁུངས་ཀྱིས་དུས་ཡུན་ངེས་ཅན་ནང་མངའ་ཁོངས་དང་ཁ་བྲལ་བའམ་རྒྱལ་ཁབ་ཀྱི་མངའ་ཁོངས་ནས་མཐར་སྐྲོད་གཏོང་བར་གཏན་ཁེལ་བྱས་ཆོག་པ་མ་ཟད། དེ་རྒྱལ་ཁབ་ཀྱི་མངའ་ཁོངས་སུ་ཡོང་མི་ཆོག་པའི་དུས་ཡུན་གཏན་ཁེལ་བྱས་ཆོག མངའ་ཁོངས་ནས་མཐར་སྐྲོད་གཏོང་བའི་མི་སྒེར་ལ་མཐར་སྐྲོད་གཏོང་བའི་ཉིན་ནས་བཟུང་ལོ10ལ་མངའ་ཁོངས་སུ་འཛུལ་མི་ཆོག


ལེའུ་ལྔ་པ། ཞར་བྱུང་དོན་ཚན་གྱི་སྐོར།

དོན་ཚན་ཉེར་ལྔ་པ། རྒྱལ་ཁབ་བདེ་འཇགས་ལས་ཁུངས་དང་སྤྱི་བདེ་ལས་ཁུངས་ཀྱིས་བཅའ་ཁྲིམས་དང་སྲིད་འཛིན་ཁྲིམས་སྲོལ། རྒྱལ་ཁབ་ཀྱི་འབྲེལ་ཡོད་གཏན་འབེབས་ལྟར། གསང་མྱུལ་བྱ་སྤྱོད་ལས་གཞན་གྱི་རྒྱལ་ཁབ་བདེ་འཇགས་ལ་གནོད་འཚེ་གཏོང་བའི་བྱ་སྤྱོད་ལ་དོགས་ཟོན་དང་བཀག་འགོག ཁྲིམས་གཅོད་བྱེད་པའི་འགན་འཁྲི་ལག་བསྟར་བྱེད་པར་ཞིབ་སྲོལ་འདིའི་འབྲེལ་ཡོད་གཏན་འབེབས་སྤྱད་འཐུས།

དོན་ཚན་ཉེར་དྲུག་པ། ཞིབ་སྲོལ་འདི་ཁྱབ་བསྒྲགས་བྱས་པའི་ཉིན་མོ་ནས་བཟུང་ལག་བསྟར་བྱ་རྒྱུ་དང་། 1994ལོའི་ཟླ6པའི་ཚེས4ཉིན་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཁྱབ་བསྒྲགས་བྱས་པའི《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་ཁབ་བདེ་འཇགས་བཅའ་ཁྲིམས་ལག་བསྟར་ཞིབ་སྲོལ》དུས་མཉམ་དུ་མེད་པར་བཟོས་པ་ཡིན།

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།